01
Wed, May

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༤ ཟླ་༢ ཚེས་༢༢ཉིན། བཞུགས་སྒར་རྡ་རམ་སར་རྟེན་གཞི་བྱས་པའི་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་བཞི་ནས་རྒྱ་གཞུང་གིས་བོད་ཁམས་སྡེ་དགེ་ལ་ཆུ་མཛོད་ཆེན་པོ་ཞིག་གསར་རྒྱག་གི་ལས་གཞིར་དམིགས་ཏེ་ཡུལ་མི་རྣམས་ས་གནས་གཞན་དུ་གནས་སྤོ་དགོས་པའི་བཙན་བཀའ་བཏང་ཡོད་པར་བོད་མི་མང་པོ་ཞིག་དེར་ངོ་རྒོལ་བྱས་དང་བྱེད་བཞིན་པར་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཞིག་སྤེལ་སོང་།

ཉེ་ཆར་བོད་ཁམས་སྡེ་དགེ་རྫོང་སྲིད་གཞུང་ཁང་པའི་མདུན་དུ་བོད་མི་༣༠༠་ཙམ་གྱིས་རྒྱ་གཞུང་ས་གནས་དེར་ཆུ་མཛོད་ཆེན་པོ་གསར་རྒྱག་དང་འབྲེལ་ནས་བོད་པའི་གྲོང་སྡེ་གཉིས་དང་དགོན་པ་དྲུག་བཞག་ནས་གནས་སྤོ་བྱེད་དགོས་པའི་བཙན་བཀའ་བཏང་བར་ཞུ་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། དེ་ནས་སེར་སྐྱ་ཕོ་མོ་རྣམས་ཀྱིས་པུས་མོ་ས་ལ་བཙུགས་ནས་ཞུ་འབོད་དང་རེ་སྐུལ་ཞུ་ཡོད་ཀྱང་། རྒྱ་གཞུང་གིས་དེར་ལན་གང་ཡང་སྤྲད་མེད་པ་མ་ཟད། ཁོ་ཚོར་ཞི་བའི་ལས་འགུལ་མཚམས་འཇོག་དགོས་པའི་སྡིག་ར་བཏང་ཡོད་འདུག དེ་ནས་རྒྱ་གཞུང་ཉེན་རྟོག་པས་ཞུ་འབོད་གནང་མཁན་རྣམས་འཛིན་བཟུང་བཙན་ཁྲིད་བྱས་པའི་གནས་ཚུལ་ཐོན་བཞིན་འདུག

དེ་ཡང་། གོང་ཚེས་ཉིན་གྱི་ཕྱི་དྲོར། བཞུགས་སྒར་རྡ་རམ་སའི་མོག་གྷན་སྤྱི་ཐང་དུ། དབུས་དང་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་ཀྱི་གོ་སྒྲིག་འོག རྡ་རམ་སའི་ཉེ་འཁོར་གྱི་བོད་མི་རྣམས་ཀྱིས་བོད་ཁམས་སྡེ་དགེའི་བོད་མི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་དང་རྒྱ་གཞུང་གི་བཙན་བཀའ་གནས་སྤོ་བྱེད་དགོས་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཞིག་སྤེལ་སོང་། ཁོ་ཚོས་ལས་འགུལ་འདི་བརྒྱུད་ནས་སྡེ་དགེ་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་གནང་ས་མ་ཟད། རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་དོ་སྣང་དང་བོད་ཀྱི་རྒྱུགས་ཆུ་གཙོས་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུས་འདུག

གཞན་ཡང་། ཚོགས་པ་འདི་དག་གིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཡོད་ཅིང་། དེའི་ནང་དུ་འདི་ལྟར་འཁོད་དོན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་ནས་བོད་ཁམས་སྡེ་དགེའི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་དང་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་ཆུ་མཛོད་གསར་རྒྱག་གི་ལས་གཞིར་དམིགས་ཏེ་ཡུལ་མི་རྣམས་ས་གནས་གཞན་དུ་གནས་སྤོ་དགོས་པའི་བཙན་བཀའ་ཕབ་པར་ངོ་རྒོལ་བྱ་རྒྱུ་ཡིན།

དེ་ཡང་ཉེ་བའི་ཆར་བོད་ཁམས་སྡེ་དགེ་འབྲི་ཆུའི་རྒྱུད་དུ་རྒྱ་དམར་སྲིད་གཞུང་ནས་ཆུ་མཛོད་ཆེན་པོ་ཞིག་འཛུགས་བསྐྲུན་བྱེད་དགོས་ཚུལ་ལ་ཁ་གཡར་ནས་འབྲི་ཆུའི་རྒྱུད་ཀྱི་དགོན་པ་དང་ཡུལ་སྡེ་རྣམས་ས་གནས་གཞན་དུ་གནས་སྤོ་དགོས་པའི་བཙན་བཀའ་ཕབ་པར་བརྟེན། དེ་ག་ས་གནས་ཀྱི་སེར་སྐྱ་མི་མང་རྣམས་ནས་ཞི་རྒོལ་དང་འབྲེལ་ཡོད་རྒྱ་གཞུང་གི་ལས་བྱེད་རྣམས་ཀྱི་མདུན་དུ་འབོད་སྐུལ་དང་བཅས་པུས་མོ་གཉིས་ཀའང་ས་ལ་བཙུགས་ཏེ་ལས་གཞི་དེ་མཚམས་འཇོག་དགོས་པའི་དགོས་འདུན་འདོན་བཞིན་པའི་ཡིད་སྐྱོའི་གནས་ཚུལ་དང་། ཛ་དྲག་གི་གནས་སྟངས་ལ་བཞུགས་སྒར་གྱི་ཚོགས་སྡེ་ཁག་ནས་གདུང་སེམས་མཉམ་སྐྱེད་དང་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་བོད་མིའི་འཚོ་རྟེན་དང་། བོད་ཀྱི་ཁོར་ཡུག་ལ་གནོད་གཞིའི་ལས་གཞི་མང་པོ་ཞིག་བརྩམས་དང་རྩོམ་མུས་ཡིན་པར་ངོ་རྒོལ་སྐྱོན་བརྗོད་ནན་པོ་བྱ་རྒྱུ་ཡིན། དགྲ་བོ་རྒྱ་དམར་སྲིད་གཞུང་ནས་དཔལ་འབྱོར་གྱི་ཁེ་ཕན་ལ་དམིགས་ཏེ་འཛུགས་བསྐྲུན་ལས་གཞི་འདྲ་མིན་ཞིག་སྤེལ་མུས་དང༌། ད་ཐེངས་ཁམས་སྡེ་དགེ་འབྲི་ཆུའི་བཞུར་རྒྱུན་དུ་ཆུ་མཛོད་གསར་རྒྱག་གིས་བོད་མིའི་འགྲོ་སྡོད་ཀྱི་རང་དབང་ལ་བརྩི་སྲུང་མེད་པར་བཙན་གྱིས་ས་གནས་གཞན་དུ་གནས་སྤོ་རུ་བཅུག་པ་འདི་ནི་དངོས་ཡོད་ཛ་དྲག་གནས་སྟངས་ཀྱི་དཔེ་མཚོན་ཞིག་ཡིན་པས་རྒྱལ་ སྤྱིའི་སྤྱི་ཚོགས་ནས་ཀྱང་དོ་སྣང་ནན་པོ་གནང་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན།

སྤྱིར་བོད་མཐོ་སྒང་ལ་འཛམ་གླིང་གི་སྣེ་གསུམ་པ་ཞེས་འབོད་ཅིང་གོ་ལ་སྤྱི་ཡོངས་ཀྱི་ཁོར་ཡུག་གི་འགྱུར་འགྲོས་ཁྱད་པར་བཟོ་ཐུབ་པའི་ནུས་པ་ལྡན་ཞིང་། དམིགས་བསལ་ཨེ་ཤེ་ཡའི་མི་འབོར་དུང་ཕྱུར་གཅིག་དང་ཕྱེད་ཀའི་འཚོ་བའི་རྟེན་གཞིའང་བོད་ཀྱི་ཆུ་རྒྱུན་ཁག་ལ་ཐུག་ཡོད་པ་དང༌། བོད་ནང་གི་སྐྱེ་ཁམས་ཁོར་ཡུག་གི་བརྟན་ལྷིང་ནི་བོད་མི་ཙམ་མ་ཟད། བོད་ཀྱི་ཆུ་རྒྱུན་ཁག་ལ་རྟེན་པའི་མི་འབོར་གྲངས་ལས་འདས་པའི་བདེ་སྡུག་ལའང་མེད་དུ་མི་རུང་བ་ཞིག་ཡིན་པས་འབྲི་ཆུ་གཙོས་བོད་ཀྱི་ཆུ་རྒྱུན་ཁག་ལ་ཆུ་མཛོད་གསར་རྒྱག་དང༌། གཙང་ཆུའི་ཁ་ཕྱོགས་སོགས་བསྒྱུར་ཚེ་བོད་ཀྱི་སྣོད་བཅུད་གཉིས་ཀར་གཏོར་སྐྱོན་ཚབས་ཆེ་ཡོང་རྒྱུ་དང་ཆུ་རྒྱུད་རྣམས་ལ་འཚོ་རྟེན་བྱེད་བཞིན་པའི་རྒྱལ་ཁབ་མང་པོའི་མི་མང་ལ་ཡང་གནོད་འཚེ་ཡོང་ངེས་ཡིན། དེར་བརྟེན་ཛ་དྲག་གི་གནས་སྟངས་སྐབས་རང་གི་ཚེ་སྲོག་ལ་ཡང་མ་འཛེམས་པར་སྙིང་སྟོབས་ཆེན་པོས་རྒྱ་དམང་སྲིད་གཞུང་ལ་ཞི་རྒོལ་དང་གདོང་ལེན་གནང་མཁན་རང་རིགས་རྣམས་ལ་ཡི་རངས་བསྔགས་བརྗོད་དང་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་བོད་ནང་གི་དངོས་ཡོད་གནས་སྟངས་ཛ་དྲག་ཅན་དུ་གྱུར་བཞིན་པར་མུ་མཐུད་དོ་སྣང་དང༌། དགྲ་བོ་རྒྱ་དམར་སྲིད་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞིར་ངོ་རྒོལ་སྐྱོན་བརྗོད་ནན་པོ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།