28
Sun, Apr

ཕྱི་ལོ་༢༠༢༣ ཟླ་༡༢ ཚེས་༢༠ ཉིན། གནས་མཆོག་རྡོ་རྗེ་གདན་གྱི་རྒྱལ་སྤྱིའི་ཚོགས་འདུའི་ལྟེ་གནས་ཁང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་ཐེངས་དང་པོའི་དབུ་འབྱེད་མཛད་སྒོར་དབུ་བཞུགས་མཛད་ནས་བཀའ་སློབ་གནང་སོང་། པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༤ཟླ་༡ཚེས་༢༢ཉིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་ལྗོངས་དང་ནུབ་བྷང་གྷལ། དེ་བཞིན་གནས་མཆོག་རྡོ་རྗེ་གདན་བཅས་ནས་ཟླ་གཉིས་ཙམ་གྱི་མཛད་འཕྲིན་ལེགས་པར་གྲུབ་ནས། དེ་རིང་ལྡི་ལི་མཁའ་དབྱིངས་བརྒྱུད་བཞུགས་སྒར་རྡ་སར་ཞབས་སོར་བདེ་བར་འཁོད་སོང་། བཞུགས་སྒར་རྡ་ས་གཡས་གཡོན་གྱི་བོད་མི་གཙོས་པའི་སེར་སྐྱ་མི་མང་རྒན་གཞོན་ཀུན་གྱིས་ལག་ཏུ་ཁ་བཏགས་དང་། བདུག་སྤོས། མེ་ཏོག་བཅས་བཟུང་ནས། དགའ་དད་སྤྲོ་གསུམ་གྱིས་དགའ་བའི་འཛུམ་དང་བཅས་ལམ་འགྲམ་ནས་ཕྲེང་བསྒྲིགས་ཏེ་བསུ་མ་བྱས་སོང་།

དེ་ཡང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༢༠༢༣ ཟླ་༡༢ ཚེས་༩ ཉིན་བཞུགས་སྒར་རྡ་ས་ནས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཟླ་དེའི་ཚེས་༡༡ ཉིན་ལྡི་ལི་ནས་འབྲས་ལྗོངས་མངའ་སྡེ་སྒང་ཏོག་ཏུ་ཞབས་སོར་འཁོད་འདུག དེ་ནས་ཟླ་དེའི་ཚེས་༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྒང་ཏོག་དཔལ་འབྱོར་རྩེད་ཐང་དུ། དད་ལྡན་མི་མང་ཁྲི་བཞི་ཙམ་ལ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་གནང་ཡོད་པ་དང་། དེའི་རྗེས་འབྲས་ལྗོངས་མངའ་སྡེ་གཞུང་དང་སྒང་ཏོག་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་འདུག

ཕྱི་ལོ་ ༢༠༢༣ ཟླ་༡༢ ཚེས་༡༤ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབྲས་ལྗོངས་སྒང་ཏོག་ནས་ནུབ་བྷང་གྷལ་ས་ལུ་སྒར་དུ་ཆིབས་བསྒྱུར་གྱིས་ཁུལ་དེར་རྟེན་གཞི་བྱེད་ཡོད་པའི་སྲད་རྒྱུད་གྲྭ་ཚང་དུ་དགེ་འདུན་དང་མི་སྐྱ་ཁྲིམ་གསུམ་ཙམ་ལ་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་རེད། དེ་ནས་ཟླ་དེའི་ཚེས་༡༥ ཉིན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནུབ་བྷང་གྷལ་ནས་གནས་མཆོག་རྡོ་རྗེ་གདན་ལ་ཞབས་སོར་བདེ་བ་འཁོད་སོང་།

ཕྱི་ལོ་༢༠༢༣ ཟླ་༡༢ ཚེས་༢༠ ཉིན། གནས་མཆོག་རྡོ་རྗེ་གདན་གྱི་རྒྱལ་སྤྱིའི་ཚོགས་འདུའི་ལྟེ་གནས་ཁང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་ཐེངས་དང་པོའི་དབུ་འབྱེད་མཛད་སྒོར་དབུ་བཞུགས་མཛད་ནས་བཀའ་སློབ་གནང་སོང་། སྐབས་དེར། ༸གོང་ས་མཆོག་གིས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྙིང་པོ་ནི་གཞན་ལ་ཕན་བདེ་སྒྲུབ་རྒྱུ་དང་། གནོད་པ་མི་བྱེད་རྒྱུ་དེ་རེད། ཆོས་ཁས་བླངས་ན་རེད། མ་བླངས་ནའང་རེད། ང་ཚོ་ཚང་མས་གཞན་ལ་གནོད་པ་མ་བྱས་པར་ག་ཚོད་ཐུབ་ཐུབ་ཀྱིས་ཕན་འདོགས་རྒྱུ་བྱུང་ན། སོ་སོའང་སེམས་སྐྱིད་པོ་ཡོད། ཆགས་སྡང་གི་ལས་མ་བསགས་པར་བསྡད་ན་སེམས་ཀྱི་ཞི་བདེ་རང་བཞིན་གྱིས་ཡོང་བ་ཞིག་རེད། སེམས་ཀྱི་ཞི་བདེ་ཡིས་ལུས་ཀྱི་འཕྲོད་བསྟེན་ལ་ཕན་གྱི་ཡོད། ང་ཚོས་ནམ་རྒྱུན་ཚེ་སྒྲུབ་དང་ཚེ་སྒྲུབ་ཅེས་བཤད་ཀྱི་ཡོད་ཀྱང་། སེམས་ཀྱི་ཞི་བདེ་ཡག་པོ་བྱུང་ན་དེ་ལས་ལྷག་པའི་ཚེ་སྒྲུབ་མེད། སེམས་ཁོང་ཁྲོའི་གཞན་དབང་དུ་བཏང་། འདོད་ཆགས་ཀྱི་གཞན་དབང་དུ་བཏང་བ་ཡིན་ན་ཁ་འདོན་དགེ་སྦྱོར་ཅི་ཙམ་བྱས་ཀྱང་དེ་ཙམ་གྱིས་ནུས་པ་ཐོན་རྒྱུ་ཁག་པོ་རེད། གཙོ་བོ་སེམས་རྒྱུད་དུལ་བར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་སོང་།

ཕྱི་ལོ་༢༠༢༣ ཟླ་ ༡༢ ཚེས་ ༢༣་ཉིན་གྱི་སྔ་དྲོར། གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོ་རུ། སྤྱི་ནོར་ྋགོང་ས་སྤྱི་ནོར་གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག །རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་འཛིན་པའི་ནང་པའི་བླ་ཆེན་ཁག་དང་དགེ་འདུན་པ་བཅས་རྒྱལ་སྤྱིའི་ནང་པའི་དགེ་འདུན་པའི་བགྲོ་གླེང་གླེང་སྟེགས་ཀྱི་ཚོགས་ཞུགས་པ་ཐུན་མོང་ནས་འཛམ་གླིང་ཞི་བདེ་ལ་དམིགས་ནས་སྨོན་ལམ་ཚོགས་སོང་། གཞན་ཡང་། འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་སེར་སྐྱ་མང་ཚོགས་སྟོང་ཕྲག་མང་པོས་ཀྱང་དད་སེམས་གཡོ་མེད་ཀྱི་ངང་ནས་སྨོན་ལམ་དེར་མཉམ་ཞུགས་གནང་སོང་།

ཕྱི་ལོ་༢༠༢༣ ཟླ་༡༢ ཚེས་༢༩ ཉིན་གྱི་སྔ་དྲོར། རྒྱ་གར་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་གསུང་ཆོས་ར་བའི་ནང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཡུལ་གྲུ་༥༠་ནས་ཕེབས་པའི་དད་ལྡན་མི་མང་ཁྲི་ལྔ་ལྷག་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་ཆོས་འབྲེལ་དབུ་འཛུགས་གནང་སོང་། དེ་ཡང་། ཆོས་འབྲེལ་འདི་ནི་ཚེས་༢༩་ནས་༣༠་བར་ཉིན་གཉིས་གནང་སོང་བ་དང་། ཚེས་༣༡ སྔ་དྲོར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་བསྩལ་སོང་། སྐབས་དེར། མགོན་པོ་གང་ཉིད་ནས་ཆོས་འབྲེལ་གྱི་སྔོན་འགྲོ་རུ་བཅོམ་ལྡན་འདས་ཀྱིས་གང་གསུངས་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་སྒོ་ནས་སློབ་གཉེར་གནང་རྒྱུ་གལ་ཆེ་སྐོར་དང་། སྟོང་ཉིད་དང་བྱང་སེམས་ཀྱི་གལ་གནད་སྐོར། སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་ཚུལ་དང་ཉོན་མོངས་ལ་གཉེན་པོ་བསྟེན་ན་དག་ཐུབ་ཚུལ་སོགས་ཀྱི་སྐོར་གསུངས་པར་མ་ཟད། ཚེ་འདི་ལ་སྦྱོར་ལམ་འཐོབ་པའི་རེ་བ་དང་གདེངས་ཚོད་ཡོད་སྐོར་དང་འབྲེལ་བའི་མགོན་པོ་རང་གི་ཐུགས་ཀྱི་མྱོང་བའང་གསུངས་གནང་སོང་།

གཞན་ཡང་། ༸གོང་ས་མཆོག་གིས་འབུ་སྲིན་ཕྲ་མོ་ཚུད་པའི་ང་ཚོ་ཀུན་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་སྒོ་ཀུན་ནས་མཚུངས་པས། གཞན་ལ་འཚེ་བ་སྤངས་ནས་ཕན་པ་སྒྲུབ་དགོས། ལོ་རྒྱུས་ལ་ཕྱིར་མིག་འཕངས་ནས་དེ་ལས་བསླབ་བྱ་བླངས་ཏེ། རང་རྒྱལ་གཞན་ཕན་དང་། རང་ཕྱོགས་དང་གཞན་ཕྱོགས། ང་ཚོ་དང་ཁོ་ཚོའི་བསམ་བློ་དོར་ནས། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་སྐྱེད་དགོས། སེམས་ལ་བྱམས་པ་དང་བརྩེ་བ་ཡོད་ན། སེམས་ལྷོད་པ་དང་ལུས་བདེ་པོ་འབྱུང་བས། བྱམས་བརྩེའི་བློ་འདི་རང་གཞན་དང་ལུས་སེམས་གཉིས་ཀར་གལ་ཆེ། སེམས་སུ་བྱམས་བརྩེ་ཡོད་ན། ཞི་བདེ་ཡོད། སེམས་སུ་ཆགས་སྡང་ཡོད་ན། ཞི་བདེ་མེད། ང་ཚོ་སྐྱེས་དུས་ལག་ཏུ་མཚོན་ཆ་ཐོགས་ནས་སྐྱེས་མེད། ང་ཚོ་སྐྱེས་དུས་ཨ་མའི་བྱམས་བརྩེ་དང་ལྷན་དུ་སྐྱེས་ཡོད། སྟོང་ཉིད་དང་བྱང་སེམས་སྒོམ་པ་ནི་ཚེ་སྒྲུབ་ཀྱི་མཆོག་ཡིན།

གཞན་ཡང་། ཕྱི་ལོ་༢༠༢༤ ཟླ་བ་ ༡ ཚེས་ ༡ ཉིན། གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གསུང་ཆོས་ར་བའི་ནང་དུ། བོད་རིགས་ཚོགས་པ་འགའ་ཐུན་མོང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

ཕྱི་ལོ་༢༠༢༤ ཟླ་༡ ཚེས་༣ ཉིན། གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་གསུང་ཆོས་ར་བའི་ནང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ། ར་སྟོད་གྲྭ་ཚང་བཅས་ཀྱི་དགེ་བཤེས་ལྷ་རམས་པའི་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་གནང་བའི་མཛད་སྒོར་དབུ་བཞུགས་ཀྱིས་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད།

ཕྱི་ལོ་༢༠༢༤ ཟླ་༡ ཚེས་༡༨ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོར་གནས་གཟིགས་དང་། རྙིང་མའི་སྨོན་ལམ་ཆེན་མོ་སྐབས་༣༥ པའི་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད།

ཕྱི་ལོ་༢༠༢༤ཟླ་༡ཚེས་༢༢ཉིན། ལྡི་ལི་མཁའ་དབྱིངས་བརྒྱུད་བཞུགས་སྒར་རྡ་སར་ཞབས་སོར་བདེ་བར་འཁོད་སོང་། བཞུགས་སྒར་རྡ་ས་གཡས་གཡོན་གྱི་བོད་མི་གཙོས་པའི་སེར་སྐྱ་མི་མང་རྒན་གཞོན་ཀུན་གྱིས་ལག་ཏུ་ཁ་བཏགས་དང་། བདུག་སྤོས། མེ་ཏོག་བཅས་བཟུང་ནས། དགའ་དད་སྤྲོ་གསུམ་གྱིས་དགའ་བའི་འཛུམ་དང་བཅས་ལམ་འགྲམ་ནས་ཕྲེང་བསྒྲིགས་ཏེ་བསུ་མ་བྱས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།