01
Wed, May

སྤྱི་ཟུར་གྲའུ་དཔོན་རིན་ཆེན་ཚེ་རིང་མཆོག་དགུང་ལོ་༩༣་ཐོག་དགོངས་པ་རྫོགས་ཡོད་འདུག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ཟླ་༡༠ ཚེས་ ༣༠ ཉིན་སྤེལ། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་གི་ཁོངས་སུ་ཞུགས་ནས་རྒྱ་དམག་ལ་ཕར་རྒོལ་གནང་མྱོང་མཁན་དང་སྤྱི་འཐུས་ཐེངས་བཞི་གནང་མྱོང་མཁན། དེ་བཞིན་བོད་ལ་སྐུ་ཚབ་ཚོགས་ཆུང་ཐེངས་བཞི་པའི་ཕེབས་མཁན་གྲས་སུ་ཡོད་པའི་གྲའུ་དཔོན་རིན་ཆེན་ཚེ་རིང་མཆོག་དགུང་ལོ་༩༣་ཐོག་དགོངས་པ་རྫོགས་ཡོད་འདུག

དེ་ཡང་། ཟླ་འདིའི་ཚེས་༢༧ ཉིན། གྲའུ་དཔོན་རིན་ཆེན་ཚེ་རིང་མཆོག་དགུང་ལོ་༩༣་ཐོག་བདེ་སྐྱིད་གླིང་གཞིས་ཆགས་སུ་དགོངས་པ་རྫོགས་ཡོད་འདུག ཁོང་དགོངས་པ་རྫོགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གཙོས་བོད་མི་མང་པོ་ཞིག་གིས་ཁོང་འདས་གྲོངས་སུ་ཕྱིན་པར་མྱ་ངན་དང་ཤུལ་ལུས་ནང་མི་ཉེ་འབྲེལ་རྣམས་ལ་ཐུགས་གསོའི་འཕྲིན་ཡིག་སྐུར་འདུག

སྤྱི་ཟུར་གྲའུ་དཔོན་རིན་ཆེན་ཚེ་རིང་མཆོག་ནི། ཕྱི་ལོ་༡༩༣༠ གྲའུ་དཔོན་ཚང་གི་ཁྱིམ་ཚང་དུ་འཁྲུངས་ཡོད་ཅིང་། ཕྱི་ལོ་༡༩༥༢ ལོར་སྐྱེ་རྒུ་ཁུལ་རྫོང་དཔོན་གཞོན་པའི་ཕྱག་ལས་གནང༌ཡོད་འདུག ཕྱི་ལོ་༡༩༥༨ ལོར་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་གི་ཁོངས་སུ་ཞུགས་ནས་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱེད་སྐབས་ཕར་རྒོལ་གནང་ཡོད་འདུག་ཅིང་། ཕྱི་ལོ་༡༩༥༩ ༸གོང་ས་མཆོག་སྐུ་འཁོར་དང་བཅས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་སྐབས་ཁོང་སྐུ་སྲུང་གྲས་ཡོད་པར་བརྒྱུད་ལམ་ཁག་ནས་འགྲེལ་བརྗོད་གནང་འདུག

དེ་ནས་ཕྱི་ལོ་༡༩༦༠ ཟླ་༩ ཚེས་ ༢ ཉིན། བོད་མིའི་མང་གཙོའི་གཞུང་དབུ་རྙེས་སྐབས། གྲའུ་དཔོན་རིན་ཆེན་ཚེ་རིང་ནི་བོད་མི་མང་སྤྱི་འཐུས་སྐབས་དང་པོ་གྲས་ཡིན་ཞིང་། དེ་ནས་ཁོང་གིས་བོད་མི་མང་སྤྱི་འཐུས་སྐབས་གཉིས་པ་དང་གསུམ་པ། སྐབས་དྲུག་པ་བཅས་ལས་ཡུན་བཞིའི་རིང་མདོ་སྟོད་ཀྱི་སྤྱི་འཐུས་གནང་ཡོད་འདུག གཞན་ཡང་ཁོང་གིས་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཞོན་དང་། ཆུ་སྒང་ལོ་རྒྱུས་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ། དེ་བཞིན་བོད་ལ་སྐུ་ཚབ་ཚོགས་ཆུང་ཐེངས་བཞི་པའི་ཕེབས་མཁན་གྲས་སུ་ཡོད་འདུག གཞན་ཡང་། རྒྱ་གར་ལྷོ་ཕྱོགས་ཀམ་རའོ་བོད་མིའི་གཞིས་ཆགས་གསར་འཛུགས་གནང་སྐབས་སྐུ་ལས་སྐྱོན་མཁན་གཙོ་བོའི་གྲས་ཡིན་འདུག

སྤྱི་ཟུར་གྲའུ་དཔོན་རིན་ཆེན་ཚེ་རིང་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དམ་པ་ཁོང་གི་ཤུལ་ལུས་ནང་མི་ཉེ་འབྲེལ་རྣམས་ལ་ཐུགས་གསོ་གནང་འདུག ཐུགས་གསོའི་གསུང་འཕྲིན་ནང་དུ། སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་པར་ཤིན་ཏུ་བློ་ཕམ་གྱི་གནས་སུ་གྱུར་པ་དང་། དམ་པ་གང་གི་ཤུལ་ལུས་ནང་མི་ཉེ་འབྲེལ་རྣམས་ཀྱང་ཐུགས་ཡིད་གདུང་ཆེན་པོའི་ངང་གནས་ཡོད་ངེས་ཀྱང་། འཇིག་རྟེན་གྱི་སྐྱེ་འགྲོ་ཀུན་ལ་སྐྱེ་འཆིའི་རང་དབང་མེད་པར་ཆོས་ཉིད་ལ་སོང་དགོངས་རྒྱ་ཆེ་བཞེས་དང་འབྲེལ་དམ་པ་དེ་ཉིད་ཀྱི་ཆེད་རྣམ་དཀར་དགེ་ཚོགས་ཀྱི་གནང་སྒོ་རིམ་པ་གནང་བཞིན་ཡོད་པར་གཞིར་བཅས། འདི་ནས་གྲོས་ཚོགས་སྐོང་ཚོགས་སྐབས་སྤྱི་མཚུངས་ལྟར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་འཇོག་རྒྱུ་ཡིན་པ་དང་། དམ་པ་དེ་ཉིད་ཀྱིས་བོད་བསྟན་སྲིད་མི་རིགས་དང་། བོད་གཞུང་། བོད་རྒྱ་ཆེའི་མང་ཚོགས་བཅས་ཀྱི་དོན་དུ་ཞབས་ཞུ་མཐར་སོན་གནང་བའི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་དང་། མཆོག་གསུམ་རྒྱལ་བའི་སྤྱན་སྔར་མཆོད་སྤྲིན་དང་བཅས་གང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་སྟེ། འཕགས་མཆོག་ཕྱག་ན་པདྨོའི་རྗེས་སུ་བཟུང་སྟེ་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་སྦྲགས། ཤུལ་ལུས་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གྲའུ་དཔོན་རིན་ཆེན་ཚེ་རིང་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་དམ་པ་ཁོང་གི་ཤུལ་ལུས་ནང་མི་ཉེ་འབྲེལ་རྣམས་ལ་ཐུགས་གསོ་འཕྲིན་ནང་དུ་འཁོད་དོན། རྒྱལ་གཅེས་དཔའ་རྒོད་སྒ་པ་གྲྭའུ་དཔོན་རིན་ཆེན་ཚེ་རིང་མཆོག་ ༢༠༢༣ ཟླ་ ༡༠ ཚེས་ ༢༧ དགོང་མོ་ དགུང་ལོ་༩༣ ཐོག་སྡེ་ར་ལྡུན་ས་གནས་སུ་ཞིང་ལ་ཕེབས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་པར་བློ་ཕམ་ཤུགས་ཆེ་ཞུ་རྒྱུ་དང་སྦྲགས། ཤུལ་ལུས་ནང་མི་སྐུ་འཁོར་དང་སྡེ་དགོན་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། དམ་པ་ཁོང་གིས་ ༡༩༥༢ལོར་སྐྱེ་རྒུ་ཁུལ་རྫོང་དཔོན་གཞོན་པའི་ཕྱག་ལས་གནང༌། ཕྱིས་སུ་རྒྱ་དམར་བཙན་ཤེད་ལ་ཁ་གཏད་གནང་སྟེ། ༡༩༥༨ལོར་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་གི་ཁོངས་སུ་ཞུགས། ཐོག་མའི་མནའ་གན་འཇོག་པའི་སྐབས་ནས་བཟུང་མཐར་དགོངས་པ་རྫོགས་རག་བར་དུ་བློ་བརྟན་འགྱུར་མེད་ཀྱིས་དྲག་པོའི་དམག་གི་གཙོ་འཛིན་དང་དབུས་རྒྱུན་ཚོགས་གཞོན། རྩོམ་སྒྲིག་པའི་ཕྱག་ལས་རྩེ་གཟེངས་ཐོན་པ་གནང་མྱོང༌། གཞན་ཡང་བོད་མི་མང་སྤྱི་འཐུས་སྐབས་དང་པོ། གཉིས་པ། གསུམ་པ། དྲུག་པ་བཅས་སྐབས་བཞིའི་རིང་གནང༌། ༡༩༦༦ལོར་སྒ་པ་ཀམ་རའོ་གཞིས་ཆགས་གསར་འཛུགས་འཛིན་སྐྱོང་ཞུས། ༡༩༨༥ལོར་བོད་དུ་གཟིགས་སྐོར་སྐུ་ཚབ་ཐེངས་ལྔ་པའི་ཁོངས་མི་གནང་བ་སོགས་སྐུ་ཚེ་གང་པོ་བོད་བསྟན་སྲིད་མི་རིགས་དོན་དུ་སྐུ་ངལ་འཛེམས་མེད་བསྐྱོན་པར་རྗེས་སུ་དྲན་པའི་སྒོ་ནས་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་གང་ནུས་ཐོག་ཐུགས་གསོའི་མཆོད་མེ་ཞལ་འདེབས་རྒྱ་གང་ཆེ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

ཕྱི་ལོ་༢༠༢༣ ཟླ་༡༡ པའི་ཚེས་༡༠ ཉིན། རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཀུམ་རའོ་སྒ་པ་གཞིས་ཆགས་སུ་སྤྱི་ཟུར་གྲའུ་དཔོན་རིན་ཆེན་ཚེ་རིང་མཆོག་གི་སྐུ་ཕུང་ཞུགས་འབུལ་གནང་འདུག སྐབས་དེའི་སྐུ་གདུང་ཞུགས་འབུལ་ཐོག་སྐྱབས་རྗེ་ངོར་ཐར་རྩེ་རིན་པོ་ཆེ་མཆོག་དང་། དཔལ་ས་སྐྱའི་རྒྱལ་ཡུམ་ཆེན་མོ་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག བཀའ་ཟུར་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས། བཀའ་ཟུར་ཆོས་སྐྱོང་དབང་ཕྱུག་ལགས། སྤྱི་ཟུར་གླིང་ཚང་ཚེ་རིང་རྡོ་རྗེ་ལགས། ས་གནས་རྒྱ་གར་གྱི་དཔོན་རིགས། དགེ་འདུན་པ་དང་ཉེ་འཁོར་མི་མང་སོགས་ཆེད་བཅར་གནང་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།