27
Sat, Apr

ཕྱི་ལོ་༢༠༢༣ ཟླ་༡༡ ཚེས་༦ ཉིན། རྡ་སར་བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་ཞིབ་ཀྱི་ཚོགས་འདུ་བཞི་པ་དབུ་ཚུགས་གནང་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ལོའི་ཟླ་༡༡ པའི་ཚེས་༦ ཉིན། བཞུགས་སྒར་རྡ་སའི་འདབས་རོལ་དུ་ཆགས་པའི་ཨིམ་ཕི་རལ་གསོལ་མགྲོན་ཁང་ཞིག་ཏུ་བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་ཞིབ་ཀྱི་ཚོགས་འདུ་བཞི་པ་དབུ་ཚུགས་གནང་སོང་། དེ་ཡང་། དེ་རིང་ནས་བཟུང་ཉིན་གྲངས་བཞིའི་རིང་ལ་འཚོགས་འཆར་ཡོད་པ་དང་། གཙོ་བོ་མ་འོངས་པའི་བོད་ཀྱི་འཐབ་རྩོད་ཀྱི་ཁ་ཕྱོགས་ཐད་ནས་བགྲོ་གླེང་ལྷུག་པོ་གནང་རྒྱུ་ཡིན་སྐོར་བརྗོད་སོང་། ཚོགས་བཅར་བ་ནི། རྒྱ་གར་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་བདུན་ནས་ཕེབས་པའི་གཞོན་སྐྱེས་མི་གྲངས་དགུ་བཅུ་ལྷག་འཛོམས་ཡོད་པ་དང་། དེའི་ཁྲོད་ནས་ཚོགས་བཅར་བ་༤༠ ལྷག་བུད་མེད་ཆགས་ཡོད་འདུག

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༩ པའི་ཐོག ཨིམ་ཕི་རལ་གསོལ་མགྲོན་ཁང་དུ། བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་ཞིབ་ཀྱི་ཚོགས་འདུ་བཞི་པ་དབུ་ཚུགས་གནང་སོང་། སྐབས་དེར། སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་དང་། བཀའ་བློན་ཁྲི་ཟུར་སྐུ་ངོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས། སྤྱི་ཟུར་ཕྱག་མཛོད་ཚང་པདྨ་ལགས། ཉམས་ཞིབ་པ་སྤྱི་ཟུར་བློ་བཟང་ཡེ་ཤེས་ལགས། བོད་ཀྱི་མདུན་ལམ་ལས་འགུལ་འགོ་འཛུགས་གནང་མཁན་གྱི་གྲས་བཀྲས་མཐོང་དབང་པོ་ལགས་སོགས་དང་རྒྱ་གར་གཙོས་ཨ་རི་དང་སུད་སི། ཧྥ་རན་སི། ཧོ་ལན། དབྱིན་ཡུལ། ནོར་ཝེ་བཅས་ནས་ཕེབས་པའི་གཞོན་སྐྱེས་༩༠་ལྷག་མཉམ་ཞུགས་གནང་འདུག དེའི་ཁྲོད་ནས་ཚོགས་བཅར་བ་༤༠ ལྷག་བུད་མེད་ཆགས་ཡོད་འདུག ཁོ་ཚོས་ཚོགས་འདུ་འདི་བརྒྱུད་ནས་བོད་སྐོར་གོ་རྟོགས་གསར་པ་ཞིག་དང་བློ་སྐྱེད་གསར་པ་ཞིག དེ་བཞིན་ཉམས་མྱོང་གསར་པ་ཞིག་རག་པའི་རེ་བ་བཅངས་འདུག

ཚོགས་འདུ་དེའི་དབུ་འབྱེད་གསུང་བཤད་གནང་མཁན་གཙོ་བོ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་མཆོག་དང་། དེ་བཞིན་བཞུགས་མོལ་བགྲོ་གླེང་ནང་གསུང་བཤད་གནང་མཁན་བཀའ་བློན་ཁྲི་ཟུར་སྐུ་ངོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་། འབུམ་རམས་པ་ལོ་སྐྱིད་ཚང་ཟླ་བ་ལགས། དགེ་བཤེས་བློ་བཟང་སྨོན་ལམ་ལགས། སྤྱི་ཟུར་ཕྱག་མཛོད་ཚང་པདྨ་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། ས་རཱ་སློབ་སྤྱི་པ་སངས་ཚེ་རིང་ལགས། རྒྱ་ནག་ཉམས་ཞིབ་པ་ཕན་ཐོག་ལགས། ཉམས་ཞིབ་པ་སྤྱི་ཟུར་བློ་བཟང་ཡེ་ཤེས་ལགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས། འབུམ་རམས་པ་རྒྱ་ལོ་ལགས་བཅས་ཡིན།

དེ་ཡང་། ལྷན་ཚོགས་འདི་མ་ཚུགས་སྔོན་ཕྱི་ལོ་༢༠༢༣ ཟླ་ ༡༡ ཚེས་ ༣ ཉིན། རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་གར་རྒྱལ་སྤྱིའི་བསྟེ་གནས་ཁང་དུ། བོད་ཀྱི་མདུན་ལམ་དང་རྒྱ་གར་གྱི་གལ་གནད་ཅེས་པའི་བརྗོད་གཞིའི་ཐོག་ཉིན་གཅིག་རིང་རྒྱ་གར་གྱི་མི་སྣ་གཙོ་བོར་གྱུར་བའི་ལྷན་ཚོགས་ཤིག་གོ་སྒྲིག་ཞུས་ཡོད་པ་དང་། སྐབས་དེར་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་དང་། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ཁན་ཝལ་སི་བྷལ་མཆོག་རྣམ་གཉིས་ཀྱང་མཉམ་ཞུགས་ཀྱིས་གལ་གནད་ཆེ་བའི་བརྗོད་གཞི་ཁག་གི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད་འདུག

ཞུགས་སྒར་རྡ་རམ་ས་ལར་ཚོགས་རྒྱུའི་ལྷན་ཚོགས་ཉིན་ལྔའི་རིང་ཚོགས་བཅར་བ་རྣམ་པས་བོད་དང་། རྒྱ་ནག རྒྱ་གར་བཅས་ཀྱི་ཡུལ་བབ་སྲིད་ཇུས་དང་། བོད་མིའི་ངོ་བོ། ཆིག་སྒྲིལ། ས་གནས་དང་མི་རབས་མི་འདྲ་བའི་བོད་མིའི་དབར་གྱི་འབྲེལ་ལམ། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཕེབས་རྒྱུའི་བར་རྒལ་གྱི་དུས་རིམ་ནང་འཕྲད་སྲིད་པའི་དཀའ་ངལ་ཁག་ལ་གདོང་ལེན་བྱ་ཕྱོགས་སོགས་ཀྱང་གྲོས་བསྡུར་བྱ་འཆར་དང་། ལྷན་ཚོགས་ཉིན་ལྔའི་རིང་ཟབ་སྦྱོང་དང་། གཏམ་བཤད། དྲི་བ་དྲིས་ལན། ནང་ཁུལ་གྲོས་བསྡུར་སོགས་བརྒྱུད་དོན་སྙིང་ལྡན་པའི་བརྗོད་གཞི་མང་པོར་བགྲོ་གླེང་ལྷུག་པོ་བྱ་ཐུབ་རྒྱུ་མ་ཟད། རྣམ་དཔྱོད་ལྡན་པའི་བཞུགས་མོལ་བགྲོ་གླེང་གི་གསུང་བཤད་གནང་མཁན་ཚོ་ལྷན་དུ་ཡང་སྦྱང་བཤད་གོ་བསྡུར་ལྷུག་པོ་གནང་སྟེ་བོད་ཀྱི་མདུན་ལམ་དང་འབྲེལ་བའི་གལ་གནད་མང་པོར་ཕན་ཚུན་བློ་སྐྱེད་སྤེལ་ཐུབ་རྒྱུའི་གོ་སྐབས་ཡོད། ཅེས་བོད་ཀྱི་མ་འོངས་མདུན་ལམ་ཚོགས་པས་འགྲེལ་བརྗོད་གནང་འདུག

བོད་ཀྱི་མདུན་ལམ་ལས་འགུལ་འགོ་འཛུགས་གནང་མཁན་གྱི་གྲས་བཀྲས་མཐོང་དབང་པོ་ལགས་ཀྱིས་གསུང་དོན། བོད་མི་ཧ་ཅང་མང་པོས་བོད་ཀྱི་མ་འོངས་པའི་གནས་བབ་ལ་བསམ་གཞིགས་དང་གྲོས་བསྡུར་གྱི་ཆ་ཤས་ལེན་བཞིན་པ་འདི་ཧ་ཅང་གིས་དགའ་བ་སྐྱེ་དགོས་པ་ཞིག་རེད། ང་ཚོ་ཚང་མའི་བསམ་ཚུལ་མ་འདྲ་བ་དང་གནད་དོན་མང་པོར་ཕན་ཚུན་མོས་མཐུན་བྱེད་མ་ཐུབ་པ་ཡོད་ཀྱང་ང་ཚོའི་སྤྱི་ཚོགས་ནང་གི་བསམ་ཚུལ་མ་འདྲ་བ་ཚང་མ་ལྷན་དུ་འཛོམས་ཏེ་གུ་ཡངས་པོའི་ཐོག་ནས་གྲོས་བསྡུར་སྦྱང་བཤད་བྱེད་རྒྱུའི་གོ་སྐབས་བསྐྲུན་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་འདུག

བོད་ཀྱི་སྒྱུ་རྩལ་བ་སྐོར་ཞིག་ནས་ཀྱང་ལྷན་ཚོགས་ཉིན་གྲངས་ལྔའི་རིང་མཉམ་རུབ་ཀྱིས་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་བོད་ཀྱི་མ་འོངས་པའི་མདུན་ལམ་གྱི་བརྗོད་གཞི་མཚོན་ཐུབ་པའི་བྱ་བ་ཞིག་བསྒྲུབ་རྒྱུ་ཡིན་འདུག དེའི་ཁྲོད་བོད་ཀྱི་ཆེད་ལས་སྒྱུ་རྩལ་བ་སྐལ་བཟང་ལམ་བྲག་ལགས་དང་། ཀརྨ་སྲིད་གཅོད་ལགས། ངོ་ཤིས་ལགས། བཀྲིས་ཉི་མ་ལགས། བསྟན་འཛིན་མི་ལ་ལགས། བསྟན་འཛིན་འགྱུར་མེད་ལགས་བཅས་ཡོད་འདུག

འདི་གར་གསར་ཁང་ནས་གཞོན་སྐྱེས་ཚོགས་བཅར་ཁག་ཅིག་ལ་ལྷན་ཚོགས་འདིར་བཅར་དགོས་པའི་དམིགས་ཡུལ་སྐོར་འདྲི་སྐབས། རྒྱ་གར་ལྡི་ལི་སློབ་ཆེན་ནས་ཡིན་པའི་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་བརྗོད་དོན། ཚོགས་འདུ་འདིར་མཉམ་ཞུགས་བྱས་ནས་ཤེས་ཡོན་དང་ཉམས་མྱོང་ཕྱུག་པའི་རྒན་པ་མང་པོ་ཞིག་གི་མདུན་ནས་བོད་ཀྱི་སྐོར་ལ་ཤེས་རྟོགས་དང་གང་གི་ཐོག་ལ་ཤུགས་མང་ཙམ་རྒྱག་དགོས་པ་ཤེས་པའི་ཆེད་དུ་ཡོང་བ་ཡིན། དེ་བཞིན་རང་ཉིད་ལྡི་ལི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཞིག་ཡིན་པའི་ཆ་ནས་མི་གཞན་ལ་བོད་དོན་ཐོག་གོ་རྟོགས་གང་འདྲ་སྤེལ་དགོས་མིན་ཐོག་སྦྱོང་ཆེད་དུ་ཡོང་བ་ཡིན། ཞེས་འགྲེལ་བརྗོད་བྱས་སོང་།

གཞན་ཡང་། རྒྱ་གར་ལྡི་ལི་སློབ་ཆེན་སློབ་མ་བསམ་གཏན་ཆོས་སྒྲོན་ལགས་ཀྱིས་བརྗོད་དོན། བོད་མི་ཞིག་ཡིན་པ་ཆ་ནས་ང་ཚོར་འགན་ཞིག་ཡོད་རེད། འགན་དེ་ལེགས་པོ་རྟོགས་ཆེད་དང་བོད་སྐོར་མང་ཙམ་ཤེས་རྟོགས་ཡོང་ཆེད། དེ་བཞིན་ཚོགས་འདུ་འདིའི་ནང་རྒྱ་གར་དེ་མ་འོངས་བོད་ཀྱི་གནས་སྟངས་ལ་གལ་གནད་ག་ཚོད་ཆགས་ཀྱི་ཡོད་མེད་ཐོག་བརྗོད་གཞི་ཞིག་འདུག དེ་ཚོ་ཤེས་པའི་ཆེད་དུ་ཡོང་བ་ཡིན། ཞེས་འགྲེལ་བརྗོད་གནང་སོང་།

དེ་ནས་ཧོ་ལན་ནས་ཡིན་པའི་སློབ་ཐོན་སློབ་མ་བསྟན་འཛིན་ཚེ་རིང་ལགས་ཀྱིས་དབྱིན་སྐད་ནང་ནས་བརྗོད་དོན། རང་ཉིད་བོད་ཀྱི་མ་འོངས་མདུན་ལམ་ཚོགས་འདུར་བཅར་ནས་བོད་ཀྱི་མ་འོངས་པའི་སྐོར་ལ་བགྲོ་གླེང་མང་པོ་གནང་རྒྱུའི་རེ་བ་ཆེན་པོ་བཅངས་ཡོད། འདི་ནི་ང་ཚོའི་སྤྱི་ཚོགས་ནང་དུ་དཀོན་པོ་རེད། ངས་ཚོགས་འདུ་འདིའི་ནང་དུ་ཐོབ་པའི་བོད་སྐོར་གྱི་ཤེས་བྱ་དང་ཉམས་མྱོང་རྣམས་མི་གཞན་ལ་གོ་རྟོགས་སྤེལ་རྒྱུ་ཡིན། གང་ཡིན་ཟེར་ན་བོད་སྐོར་མི་ཚང་མས་ཤེས་དགོས་པ་ཞིག་རེད་བསམས་ཀྱི་ཡོད། ཅེས་བརྗོད་སོང་།

མཐའ་མར། རྒྱ་གར་བྷན་ལོར་གྱི་ཚོགས་པ་ཞིག་གི་ནང་དུ་རྒྱ་ནག་སྐོར་ལ་ཉམས་ཞིབ་གནང་མཁན་བསྟན་འཛིན་ཡོན་ཏན་ལགས་ཀྱིས་བརྗོད་དོན། ཚོགས་འདུ་འདི་ལྟ་བུ་ནི་གཞུང་འབྲེལ་མིན་ཙམ་མི་མང་པོ་ཞིག་གིས་དངོས་ཡོད་གནས་ཚུལ་དང་བསམ་ཚུལ་དངོས་གནས་དེ་བརྗོད་ཐུབ་ཀྱི་རེད་བསམས། ང་ཚོ་གུ་ཡངས་ངང་ནས་མི་གཞན་གྱི་བསམ་ཚུལ་ལ་ཉན་པ་དང་རང་ཉིད་ཀྱི་བསམ་ཚུལ་བརྗོད་ཆོག་པ། འདི་ནི་གལ་ཆེན་པོ་རེད། དེ་བཞིན་ད་ཐེངས་བོད་དོན་སྐོར་ཤེས་རྟོགས་དང་ཉམས་མྱོང་ཕྱུག་པའི་བོད་ཀྱི་མཁས་པ་དང་ཤེས་ཡོན་པ་མང་པོ་ཞིག་མཉམ་འཛོམས་གནང་ནས་བོད་ཀྱི་སྐོར་གཏམ་བཤད་གནང་གི་ཡོད་ཙང་། ང་ཚོས་བོད་དོན་སྐོར་ཤེས་རྟོགས་མང་ཙམ་ཐོབ་པའི་རེ་བ་དང་དེ་བཞིན་ང་ཚོས་ཁོང་ཚོར་དྲི་བ་གཏོང་ཆོག་གི་རེད་བསམས་ཀྱི་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

བོད་ཀྱི་མདུན་ལམ་ནི་བོད་དོན་ལ་སེམས་ཁུར་ཆེ་བའི་བོད་པ་ཁག་གཅིག་ནས་མ་སྐུལ་དང་བླངས་ཀྱིས་སྤེལ་བའི་ལས་འགུལ་ཞིག་ཡིན་འདུག་པ་དང་། ལས་འགུལ་འདིར་ཆབ་སྲིད་ལངས་ཕྱོགས་དང་། ཕ་མོ། རྒན་གཞོན། ཆོལ་ཁ། ལུང་ཚན་སོགས་ཀྱི་དབྱེ་བ་མེད་པར་བོད་མི་ཚང་མ་མཉམ་རུབ་ཐོག་བོད་ཀྱི་མ་འོངས་པའི་མདུན་ལམ་ཆེད་དུ་བསམ་གཞིགས་དང་བགྲོ་གླེང་སྦྱང་བཤད་བརྒྱུད་བོད་མིའི་ཆིག་སྒྲིལ་དང་། འགན་ཁུར། ནུས་སྟོབས། གྲ་སྒྲིག་བཅས་གོང་སྤེལ་ཚགས་ཚུད་ཡོང་ཐབས་ལ་དམིགས་པ་ཞིག་ཡིན་འདུག བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་འདུ་ཐེངས་དང་པོ། ཕྱི་ལོ་༢༠༢༢ ཟླ་ ༤ ཚེས་ ༩ དང་ ༡༠ ཉིན་གཉིས་རིང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཁུལ་དང་། ཐེངས་གཉིས་པ་ཕྱི་ལོ་༢༠༢༢ ཟླ་ ༡༡ ཚེས་ ༢༥ ནས་ ༢༧ བར་ཡུ་རོབ་ཀྱི་ཧྥ་རན་སིའི་ཕེ་རི་སི་གྲོང་ཁྱེར། ཐེངས་གསུམ་པ་ཕྱི་ལོ་༢༠༢༣ ཟླ་ ༤ ཚེས་ ༨ དང་ ༩ ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་ཚོགས་ཡོད་འདུག ད་ཐེངས་ཚོགས་འདུ་འདི་ཐེངས་བཞི་པ་རེད་འདུག

ལས་འགུལ་གོ་སྒྲིག་བྱེད་མཁན་ནི་བོད་ཕྱི་ནང་གི་སྤྱི་ཚོགས་དང་ཁོར་ཡུག་འདྲ་མིན་ནང་ཚར་ལོངས་བྱུང་ཞིང་། གཞུང་དང་གཞུང་འབྲེལ་མ་ཡིན་པ་སོགས་ལས་རིགས་འདྲ་མིན་ནང་ལས་ཀ་བྱེད་མྱོང་བ། ཚན་པ་འདྲ་མིན་ཐོག་སློབ་སྦྱོང་བྱས་དང་བྱེད་བཞིན་པའི་ཕོ་མོ་དང་རྒན་གཞོན་དབྱེར་མེད་ལས་གྲུབ་པ་ཞིག་ཡིན། ང་ཚོའི་དབར་ཆབ་སྲིད་ཀྱི་ལངས་ཕྱོགས་ཐད་བསམ་ཚུལ་འཛིན་སྟངས་མི་འདྲ་བ་ཡོད་ན་ཡང་། ང་ཚོས་རིགས་མི་འདྲ་བའི་ནུས་པ་མཉམ་སྤུངས་ཀྱི་སྟོབས་ཤུགས་དང་ཆིག་སྒྲིལ་གྱི་ནུས་སྟོབས་ལ་ཡིད་ཆེད་བྱེད་ཀྱི་ཡོད་ལ། དངོས་ཐོག་བདེན་འཚོལ་དང་གུ་ཡངས་ཀྱི་བགྲོ་གླེང་དང་སྦྱང་བཤད་ཀྱི་རིན་ཐང་དང་ཕན་ནུས་ལ་ཡིད་ཆེད་བྱེད་ཀྱི་ཡོད། ཅེས་བོད་ཀྱི་མ་འོངས་མདུན་ལམ་ཚོགས་པས་འགྲེལ་བརྗོད་གནང་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།