26
Fri, Apr

ཕྱི་ལོ་༢༠༢༡་ཟླ་༦་ཚེས་༡ཉིན། ༸གོང་ས་མཆོག་གིས་བོད་རིགས་སློབ་མ་རྣམས་ལ་བཀའ་སློབ་བསྩལ་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༦་ཚེས་༡ཉིན། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་སློབ་མ་རྣམས་ལ་རྟོགས་བརྗོད་མདུན་ལེགས་མ་བཀའ་ཁྲིད་གནང་སྐབས། ངོས་ཀྱིས་རྒྱུན་དུ་དུས་རབས་ཉེར་གཅིག་གི་ནང་པ་ཞིག་བྱེད་དགོས་རེད་ཟེར་གྱི་ཡོད། དེ་ནི་ང་ཚོའི་ཕ་མེས་ནས་ཡོད་པའི་སངས་རྒྱས་ཀྱི་ལྟ་གྲུབ་ཆ་ཚང་ཡོད་པ་ཞིག་དང་། དེང་སང་ཚན་རིག་གི་རྣམ་བཞག་དེ་ཚོ་ཤེས་པ་བྱེད་རྒྱུ་དེ་རེད། ཅེས་གསུངས་འདུག

དེ་ཡང་། ༸གོང་ས་མཆོག་གིས་ལོ་རྟག་པར་ཟླ་དྲུག་པའི་ནང་དུ་བོད་རིགས་གཞོན་སྐྱེས་དང་སློབ་མ་རྣམས་ལ་ནང་ཆོས་ངོ་སྤྲོད་གནང་གི་ཡོད་པ་བཞིན། འདི་ལོ་ཟླ་དྲུག་པའི་ཚེས་གཅིག་དང་ཚེས་གཉིས་ཉིན་ལ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟོགས་བརྗོད་མདུན་ལེགས་མའི་བཀའ་ཁྲིད་དང་དྲི་བ་དྲི་ལན་གནང་བཞིན་འདུག

ཐོག་མར། ༸གོང་ས་མཆོག་གིས་ཐད་གཏོང་བརྒྱུད་ནས་གསུང་དོན། ཆོས་རྒྱལ་སྲོང་བཙན་སྒམ་པོས་དུས་རབས་བདུན་པའི་ནང་དུ་བོད་ཡིག་བཟོས་གནང་ཡོད། དེ་ནས་ཆོས་རྒྱལ་ཁྲི་སྲོང་སྡེ་ཚན་གྱིས་དུས་རབས་བརྒྱད་པའི་ནང་དུ་ནང་པ་སངས་རྒྱས་པའི་ཆོས་རྣམས་ལེགས་སྦྱར་སྐད་ནས་བོད་ཡིག་ནང་དུ་བསྒྱུར་ཡོད། བཀའ་འགྱུར་བསྟན་འགྱུར་ཁྱོན་སུམ་བརྒྱ་ལྷག་བསྒྱུར་ཡོད། བོད་པ་ཚོས་ནང་ཆོས་བོད་ཡིག་རང་ཐོག་ནས་སློབ་སྦྱོང་བྱེད་ཐུབ་པ་བཟོས་ཡོད། རྗེ་རིན་པོ་ཆེ་ཡིས་ཚད་མའི་གཞུང་ལ་དམིགས་བསལ་ཐུགས་སྣང་གནང་ཡོད། དེང་སང་སངས་རྒྱས་ཆོས་ཚད་མའི་རིག་པའི་ཐོག་ནས་འགྲེལ་བཤད་རྒྱག་ཐུབ་མཁན་ནི་ཕལ་ཆེན་བོད་པ་མ་གཏོགས་མེད། ནང་པའི་རྒྱལ་ཁབ་གཞན་ནང་དུ་ཚད་མ་རིག་པའི་གཞུང་སློབ་སྦྱོང་མེད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་ནས་གསུང་དོན། བོད་ནང་དུ་ཆོས་རྒྱལ་རྣམ་གསུམ་དང་སྐྱེས་བོ་དམ་པ་མང་པོ་ཞིག་གིས་སྐུ་ལས་བསྐྱོན་ནས་བོད་ཀྱི་ནང་ཆོས་འདི་ཁྱད་དུ་འཕགས་པ་ཞིག་ཆགས་ཡོད། བོད་ཀྱི་ནང་ཆོས་ནང་དུ་སེམས་ཁམས་རིག་པའི་སྐོར་དང་། ཚད་མའི་རིག་སྐོར་སོགས་ཡོད་རེད། ཚན་རིག་པ་དང་མཉམ་དུ་སྤོབས་པ་ལྡན་པའི་ཐོག་ནས་བགྲོ་གླེང་དང་གོ་བསྡུར་བྱེད་ཐུབ་ཀྱི་ཡོད། ཅེས་གསུངས་སོང་།

དེའི་རྗེས། ༸གོང་ས་མཆོག་གིས་བོད་པའི་སློབ་གྲྭ་དང་གདན་ས་ཁག་ཟུར་བཙུགས་བྱས་པའི་སྐོར་གསུང་དོན། ཐོག་མར་ང་ཚོ་རྒྱ་གར་ལ་བཙན་བྱོལ་དུ་ཡོད་སྐབས། རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་ལ་བོད་པའི་སློབ་གྲྭ་ཟུར་དུ་འཛུགས་དགོས་ཀྱི་འདུག་ལབ་དུས་ཁོང་གིས་ཡག་པོ་འདུག འགྲིག་གི་རེད་གསུངས་པ་རེད། དེ་ནས་ང་ཚོས་སློབ་གྲྭ་ཟུར་བཙུགས་དང་། སློབ་གྲྭ་ནང་དུ་ནང་ཆོས་སློབ་མཁན་ཆོས་དགེ་བཞག་ཡོད་རེད། དེ་བཞིན་ནང་ཆོས་སློབ་པ་སློབ་གཉེར་བྱེད་ཆེད་དུ་གདན་ས་ཁག་བཙུགས་པ་རེད། ང་ཚོ་རང་ཉིད་ལུང་པ་བྲལ་ནས་བཙན་བྱོལ་བ་ཞིག་ཆགས་ཡོད་ཀྱང་། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་ཡོང་བར་ཐབས་ཤེས་གང་ཐུབ་བྱས་ཡོད། གང་ལྟར་ཉག་ཕྲ་བའི་དུས་སུ་ང་ཚོས་བོད་པའི་ཆོས་དང་རིག་གཞུང་བདག་པོ་བརྒྱབ་ཡོད། བཙན་བྱོལ་བའི་གཟི་བརྗིད་ཆགས་ཡོད།

དེ་ཡང་། ༸གོང་ས་མཆོག་གིས་དུས་རབས་ཉེར་གཅིག་གི་ནང་པ་ཞིག་བྱེད་དགོས་པའི་སྐོར་གསུང་དོན། དེའི་ཐོག གདན་ས་ཁག་ཏུ་ཚན་རིག་གི་སློབ་ཚན་གསར་པ་བཙུགས་པ་རེད། ངོས་ཀྱིས་རྒྱུན་དུ་དུས་རབས་ཉེར་གཅིག་གི་ནང་པ་ཞིག་བྱེད་དགོས་རེད་ཟེར་གྱི་ཡོད། དེ་ནི་ང་ཚོའི་ཕ་མེས་ནས་ཡོད་པའི་སངས་རྒྱས་ཀྱི་ལྟ་གྲུབ་ཆ་ཚང་ཡོད་པ་ཞིག་དང་། དེང་སང་ཚན་རིག་གི་རྣམ་བཞག་དེ་ཚོ་ཤེས་པ་བྱེད་རྒྱུ་དེ་རེད། ང་ཚོས་ཚན་རིག་པ་དང་མཉམ་དུ་སྐད་ཆ་ཤོད་སྐབས། ཞུམ་དགོས་པ་གང་ཡང་མི་འདུག སྤོབས་པ་ཆེན་པོ་བྱས་ནས་བགྲོ་གླེང་བྱེད་ཐུབ་ཀྱི་འདུག ང་ཚོས་ཕར་ཚན་རིག་པ་རྣམས་ལ་བློ་བསྐྱེད་དང་ལེགས་བཤད་སྤྲོད་རྒྱུ་མ་གཏོགས། ང་ཚོ་ཚུར་ལ་ཆོས་ལ་དོགས་པ་དང་ཐེ་འཚམ་ཡོང་རྒྱུ་རྩ་བ་ཉིད་ནས་མི་འདུག ཅེས་གསུངས་རྗེས་སློབ་མ་རྣམས་ལ་རྟོགས་བརྗོད་མདུན་ལེགས་མ་བཀའ་ཁྲིད་གནང་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།