19
Fri, Apr

ཕྱི་ལོ་༢༠༢༡་ཟླ་༥་ཚེས་༢༧ཉིན། བདམས་ཐོན་བྱུང་བའི་སྤེན་པ་ཚེ་རིང་ལགས་ཀྱིས་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་མཆོག་གི་མདུན་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་ལས་ཁུར་དམ་བཅའ་འབུལ་སྐབས། པར། བསྟན་འཛིན་ཕན་བདེ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༥་ཚེས་༢༧ཉིན། བཞུགས་སྒར་རྡ་ས་ཆེས་མཐོ་ཁྲིམས་ཞིབ་ཁང་གི་ཚོགས་ཁང་དུ། འོས་བསྡུའི་ལམ་ནས་བདམས་ཐོན་བྱུང་བའི་སྤེན་པ་ཚེ་རིང་ལགས་ཀྱིས་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་མཆོག་གི་མདུན་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་ལས་ཁུར་དམ་བཅའ་ཕུལ་གནང་སོང་།

དེ་ཡང་། གོང་ཚེས་ཉིན། ཆེས་མཐོ་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོགས་ཁང་དུ། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་མཆོག་དང་། སྲིད་སྐྱོང་ལས་ཐོག་མཆོག བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་བཅས་ལྷན་འཛོམས་ཐོག་སྲིད་སྐྱོང་ལས་ཁུར་དམ་འབུལ་གྱི་མཛད་སྒོ་ཞིག་ཚོགས་སོང་།

དང་ཐོག ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དྭགས་པོ་བསོད་ནམས་ནོར་བུ་མཆོག་དང་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་སོང་།

དེའི་རྗེས། བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་མཆོག་གི་མདུན་དུ་ལས་ཁུར་དང་གསང་རྒྱའི་དམ་བཅའ་འབུལ་བཞེས་གྲུབ་རྗེས། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་སྲིད་སྐྱོང་མཆོག་ལ་རྟེན་འབྱུང་མཇལ་དར་ཕུལ་སོང་། དེ་ནས་སྲིད་སྐྱོང་མཆོག་གིས་དམ་འབུལ་མ་དེབ་ཏུ་མཚན་རྟགས་བཀོད་གནང་སོང་།

དེའི་རྗེས། སྲིད་སྐྱོང་ཟུར་པ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་དོད་དང་མཇལ་དར་སྒྲོན་འབུལ་གནང་རྗེས། སྲིད་སྐྱོང་གསར་རྙིང་དབར་བཀའ་ཐམ་སྲིད་ཞི་བདེ་སྐྱིད་རྩིས་སྤྲོད་ལེན་གནང་སོང་། དེ་ནས་སྲིད་སྐྱོང་ཟུར་པ་མཆོག་གིས་ལས་ཐོག་སྲིད་སྐྱོང་ལ་རྟེན་འབྱུང་མཇལ་དར་ཕུལ་སོང་།

དེ་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་ནས་བཀའ་སློབ་བསྩལ་དོན། དེ་རིང་མི་མང་གིས་འོས་བདམས་བྱས་ནས་ཐོབ་པའི་སྲིད་སྐྱོང་གསར་པ་དང་། འདས་པའི་ལོ་ངོ་ཁ་ཤས་ནང་དུ་སྲིད་སྐྱོང་གི་ལས་འགན་འཁུར་མཁན་སྲིད་སྐྱོར་ཟུར་པ་གཙོས་པའི་ཚང་མར་ཞུ་རྒྱུ་ནི། བོད་ནི་ལོ་རྒྱུས་ཡོད་པའི་མི་རིགས་ཤིག་ཆགས་ཡོད། ཆོས་རྒྱལ་རྣམ་གསུམ་དང་༸རྒྱལ་བ་སྐུ་ཕྲེང་རིམ་པ་བཅས་ཀྱི་སྒྲིག་འཛུགས་ཤིག་ཆགས་ཡོད། བཙན་བྱོལ་དུ་སླེབས་ནས་ལོ་དང་པོ་ནས་སྤྱི་འཐུས་བཙུགས་དགོས་འདུག་ཟེར་ནས་ཚོགས་འདུ་ཚོགས་པ་རེད། དེ་ནས་རིམ་བཞིན་མང་གཙོ་ལྡན་པའི་སྒྲིག་འཛུགས་ཤིག་བཙུགས་པ་རེད། དེ་ནི་འཁྲབ་བཞག་པ་ཞིག་མ་རེད། དེ་ནི་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་མང་གཙོ་ཡང་དག་པ་ཞིག་བྱུང་བ་རེད། རྒྱ་མི་གུང་ཁྲང་གིས་ང་ཚོའི་ལུགས་སྲོལ་རྙིང་པའི་ཐོག་སྐྱོན་བརྗོད་བྱས་ཡོད། འོན་ཀྱང་། དོན་དངོས་ཐོག བོད་ནང་དུ་རང་དབང་ཡོད་མ་རེད། བཙན་བྱོལ་དུ་ཡོད་པའི་སྒྲིག་འཛུགས་འདི་མང་གཙོ་མཐར་ཕྱིན་ཞིག་ཆགས་ཡོད་རེད། ད་ལྟར་ང་ཚོའི་ཆབ་སྲིད་ནི་མང་གཙོའི་འོས་བསྡུ་ལམ་ནས་ཡོང་བསྡད་པ་ཞིག་ང་ཚོས་བཟོས་ཡོད། ད་ལྟར་ཚང་མས་ཧུར་ཐག་གནང་ནས་དངོས་གནས་ཞེ་དྲག་ཡག་པོ་ཡོད། དེ་རིང་སྲིད་སྐྱོང་གསར་རྙིང་གཉིས་འཛོམས་ཡོད་པར་བཀྲིས་བདེ་ལེགས་ཞུ་རྒྱུ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དུས་ཀྱི་འགྱུར་བ་འགྲོ་བཞིན་ཡོད། རྒྱ་ནག་ཡིན་ནའང་འགྱུར་བ་ཞེ་དྲག་འགྲོ་བཞིན་ཡོད་རེད། ཆེ་སར་ང་ཚོ་བོད་པའི་དོན་དག་འདི་དབུ་མའི་ལམ་ཐོག་ནས་འགྲོ་བཞིན་ཡོད། གལ་སྲིད། རྒྱ་ནག་ངོས་ནས་བསམ་བློ་གུང་ཡངས་པོ་བཏང་པ་ཡིན་ན། གཉིས་ཕན་གྱི་ཐོག་འགྲོ་བའི་ལམ་སྟོན་བྱས་ཡོད་རེད། ང་ཚོ་བཙན་བྱོལ་དུ་ཡོད་པའི་སྒྲིག་འཛུགས་འདི་འཛམ་གླིང་གི་མིས་སུ་བལྟས་ནའང་མང་གཙོ་ཡང་དག་པའི་ཐོག་ནས་འགྲོ་བཞིན་ཡོད་རེད། བཙན་བྱོལ་དུ་ཉུང་ཤས་ལས་མེད་ཀྱང་། བོད་ཀྱི་ཆོས་དང་རིག་གཞུང་བདག་པོ་བརྒྱབ་ནས་བསྡད་ཡོད་རེད། བོད་ནང་དུ་ཡིན་ན་རྒྱ་མིས་དམ་བསྒྲགས་བྱེད་ཀྱི་ཡོད།

ང་ཚོ་བཙན་བྱོལ་ནང་དུ་ཡོད་པའི་བོད་མི་ཚོས་རིག་པ་ལྡན་ཞིང་ཚན་རིག་དང་མཐུན་པའི་ཆོས། འཛམ་གླིང་གི་སྤྱི་ནོར་ལྟ་བུའི་ཆོས་བདག་པོ་རྒྱག་བསྡད་ཡོད་རེད། གཙོ་བོ་གདན་ས་ཁག་ཏུ་བདག་པོ་བརྒྱབ་ནས་བསྡད་ཡོད་རེད། ཚང་མས་ཧུར་ཐག་བྱས་པ་རེད། གོ་སྐབས་འདི་བརྒྱུད་ནས་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྲིད་སྐྱོང་གསར་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། སྲིད་སྐྱོང་རྙིང་པས་ད་བར་ཧུར་ཐག་གནང་སོང་བས། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ཕྱི་ལོ་༢༠༢༡་ཟླ་༣་ཚེས་༢༥ཉིན། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠པའི་སྟེང་། གཞུང་འབྲེལ་གྲོས་ཆོད་ཡིག་ཆ་ཨང་༣༩པར་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་ཐོག་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་རྣམ་གཉིས་འཕོ་འགྱུར་བཏང་ཡོད། འོན་ཀྱང་། ཕྱི་ལོ་༢༠༢༡་ཟླ་༥་ཚེས་༢༤ཉིན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ངོ་དེབ་བརྒྱུད། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་ནས་ལས་ཁུར་རྒྱུན་སྐྱོང་བྱས་ཟིན་པའི་གསལ་བསྒྲགས། ཞེས་གསལ་བསྒྲགས་ཤིག་སྤེལ་ནས་སྔར་གྱི་ལས་གནས་སུ་ཕྱིར་ལོག་བྱས་ཡོད།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།