19
Fri, Apr

ཚབ་མཚོན་གྱི་པར།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༦་ཚེས་༨ཉིན། སྐབས་བཅུ་བདུན་པའི་བདམས་ཐོན་སྤྱི་འཐུས་ཁག་ཅིག་ནས་དམ་འབུལ་ཞུས་ཚུལ་གྱི་གསར་འགྱུར་ཐོན་འདུག འོན་ཀྱང་། སྐབས་བཅུ་བདུན་གྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་འདེམ་ཐུབ་མི་འདུག

དེ་ཡང་། ཟླ་འདིའི་ཚེས་༧་ཉིན་གྱི་དགོང་མོར་ཚོགས་དྲུང་ལས་ཁུངས་ནས་སྐབས་བཅུ་བདུན་པའི་བདམས་ཐོན་སྤྱི་འཐུས་རྣམས་ལ་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། དེའི་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་མང་པོ་ཞིག་སྤྱི་འཐུས་ལྷན་ཚོགས་བརྒྱུད་ནས་སྒྲུབ་དགོས་པར་བརྟེན། དེ་དག་ལེགས་གྲུབ་ཡོང་ཆེད་བདམས་ཐོན་སྤྱི་འཐུས་རྣམས་དམ་འབུལ་གནང་དགོས་པ་གལ་ཆེན་ཡིན་པ་དང་། ལས་འཁུར་དམ་འབུལ་གནང་བའི་དུས་ཚོད་ཚེས་༨ཉིན་གཏན་འབེབས་གནང་འདུག

གཞན་ཡང་ཚོགས་དྲུང་ལས་ཁུངས་ཀྱི་གསལ་བསྒྲགས་དེའི་ནང་དུ། བདམས་ཐོན་སྤྱི་འཐུས་རྣམས་ལ་ལས་འཁུར་དམ་འབུལ་གནང་ཕྱོགས་ལ་བདམས་ཀ་གཉིས་གནང་ཡོད་འདུག དང་པོ། བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་ཞུ་རྒྱུ་དང་། གཉིས་པ། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་མདུན་ནས་དམ་འབུལ་ཞུ་རྒྱུ་ཡིན་འདུག

དེར་བརྟེན། ཚེས་༨ཉིན། སྤྱི་འཐུས་གྲངས་༢༢་ཀྱིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའིི་མདུན་ནས་ལས་འཁུར་དམ་བཅའ་ཕུལ་ཡོད་པའི་གནས་ཚུལ་དང་། སྤྱི་འཐུས་གྲངས་༢༡་གིས་བར་བརྒལ་ཚོགས་གཙོའི་མདུན་ནས་ལས་འཁུར་དམ་བཅའ་ཕུལ་ཡོད་པའི་གསར་འགྱུར་ཐོན་འདུག

སྤྱི་འཐུས་རྣམས་ཀྱིས་ལས་འཁུར་དམ་བཅའ་ཕུལ་རྗེས། ཉིན་རྒྱབ་ཆུ་ཚོད་༢ པའི་ཐོག་དབུས་འོས་བསྡུ་ལས་ཁང་གི་གོ་སྒྲིག་འོག སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་འོས་བསྡུའི་ལམ་ནས་གདམ་འཆར་ཡོད་འདུག འོན་ཀྱང་། དབུས་འོས་བསྡུའི་འགན་འཛིན་མཆོག་ཚོགས་དྲུང་ལས་ཁུངས་སུ་ཕེབས་ཏེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༤༧ པའི་དགོངས་དོན་ལྟར། བར་བརྒལ་ཚོགས་གཙོའི་མདུན་ནས་ལས་འཁུར་དམ་བཅའ་འབུལ་མཁན་སྤྱི་འཐུས་གྲངས་༢༡་ལས་བྱུང་མེད་པ་བརྟེན། སྤྱི་འཐུས་ཀྱི་གསུམ་ཆ་གཉིས་ཚང་རྗེས་ཚོགས་གཙོ་དང་ཚོགས་གཞོན་འོས་འདེམས་ཀྱི་ལས་རིམ་གོ་སྒྲིག་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད་འདུག དེར་བརྟེན། སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀ་འདེམ་ཐུབ་མི་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།