ཕྱི་ལོ་༢༠༢༦ ཟླ་༦ ཚེས་༣ ཉིན། བཞུགས་སྒར་དྷ་རམ་ས་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གི་མདུན་ནས་འདེམས་ཐོན་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་དང་། དཔལ་ལྡན་དོན་གྲུབ་ལགས། གྱང་གསར་ཚེ་རིང་དོན་གྲུབ་ལགས། ཨོ་རྒྱན་བསྟན་འཛིན་ལགས། ཀུན་དགའ་བཀྲ་ཤིས་ལགས། པདྨ་མཚོ་ལགས་བཅས་ནས་ལས་འཁུར་དམ་འབུལ་ཞུས་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༨།༣༠ ཐོག བཞུགས་སྒར་དྷ་རམ་ས་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་། བཀའ་ཤག་སྐབས་བཅུ་བདུན་པའི་འདེམས་ཐོན་བཀའ་བློན་རྣམ་པས་ལས་ཁུར་དང་གསང་རྒྱའི་དམ་བཅའ་འབུལ་བའི་མཛད་སྒོ་ཤིག་གོ་སྒྲིག་གནང་སོང་། ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་། ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག ཁྲིམས་ཞིབ་པ་གཞན་འཕགས་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག བོད་མིའི་སྒྲིག་འཛུགས་ཀྱི་་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་སྲི་ཞུའི་ལས་བྱེད་རྣམ་པ་མཉམ་འཛོམས་ཐོག་དམ་འབུལ་གྱི་མཛད་སྒོ་ཚོགས་སོང་།
མཛད་སྒོའི་ཐོག་མར། གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་བཞི་གྲས་ཤིས་བརྗོད་གསུང་འདོན་གནང་རྗེས། ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་མཚམས་འདེམས་ཐོན་བཀའ་བློན་ཀུན་དགའ་བཀྲ་ཤིས་མཆོག་དང་། ཨོ་རྒྱན་བསྟན་འཛིན་མཆོག ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག དཔལ་ལྡན་དོན་གྲུབ་མཆོག གྱང་གསར་ཚེ་རིང་དོན་གྲུབ་མཆོག པདྨ་མཚོ་མཆོག་བཅས་ནས་རིམ་བཞིན་༸གོང་ས་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཕུལ་སོང་། དེའི་རྗེས། ཁྲིམས་ཞིབ་པ་ཆེ་བ་མཆོག་གི་དྲུང་ནས་ལས་ཁུར་དང་གསང་རྒྱའི་དམ་བཅའ་ཕུལ་རྗེས་དམ་འབུལ་མ་དེབ་ཏུ་མཚན་རྟགས་བཀོད་སོང་།
དེ་ནས་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་བཀའ་བློན་རྣམ་པར་རྟེན་འབྱུང་མཇལ་དར་བསྒྲོན་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། དྲུང་ཆེ་། འགན་འཛིན་རྣམ་པ་བཅས་ཀྱིས་རིམ་བཞིན་༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་དོད་དང་མཇལ་དར་ཕུལ་བ་དང་། དེ་བཞིན་བཀའ་བློན་རྣམ་པར་རྟེན་འབྱུང་མཇལ་དར་བསྒྲོན་གནང་སོང་།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཆོས་རིག་བཀའ་བློན་དུ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་དང་། ནང་སྲིད་བཀའ་བློན་དུ་དཔལ་ལྡན་དོན་གྲུབ་མཆོག དཔལ་འབྱོར་བཀའ་བློན་དུ་ཚེ་རིང་དོན་གྲུབ་མཆོག ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག བདེ་སྲུང་བཀའ་བློན་ཀུན་དགའ་བཀྲ་ཤིས་མཆོག འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་བཅས་བསྐོ་བཞག་གནང་འདུག