ཕྱི་ལོ་༢༠༢༥ ཟླ་༦ ཚེས་༡༦ ཉིན། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༦༧ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་། སྐབས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱལ་གཅེས་དཔའ་བོ་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་དབུ་ཁྲིད་དེ། བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་ནས་དཔའ་མཛངས་བརྟུལ་ཕོད་ཅན་གྱི་དཔའ་རྒོད་རྣམས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་བཙན་རྒྱལ་རྒྱ་ནག་དམར་གཞུང་གི་བཙན་འཛུལ་བ་རྣམས་བོད་ནས་མཐར་སྐྲོད་གཏོང་ཆེད་མ་བགྲོས་བསམ་པ་གཅིག་མཐུན་གྱིས་བཙུགས་པ་ཞིག་ཡིན་ལ། དཔའ་རྒོད་ཚོས་དགྲ་བོ་རྒྱ་དམག་བཙན་རྒྱལ་རིང་ལུགས་པ་ཚོར་དཔའ་ངར་ཞུམ་མེད་ཀྱིས་ཕར་རྒོལ་འཐབ་འཛིང་ལན་མང་བྱས་ཡོད། ཅེས་གསུངས་འདུག
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༧།༣༠ ཐོག བཞུགས་སྒར་དྷ་རམ་ས་ལྷ་རྒྱལ་རིའི་རྟེན་མཁར་མདུན་དུ། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༧ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་། སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་སྤྱི་འཐུས་རྒྱུན་ལས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་དང་། དམིགས་བསལ་སྐུ་མགྲོན་དུ་དྷ་རམ་ས་ལ་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས། གཞན་སྐུ་མགྲོན་དུ་སྤྱི་འཐུས་རྒྱུན་ལས་བསྟན་པ་ཡར་འཕེལ་ལགས་དང་། སྤྱི་འཐུས་རྒྱུན་ལས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས། སྤྱི་འཐུས་རྒྱུན་ལས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས། སྤྱི་འཐུས་རྒྱུན་ལས་བསྟན་འཛིན་འཇིགས་བྲལ་ལགས། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པའི་ཁག་གི་ལས་སྣེ་དང་། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་གཙོས་པའི་རྒྱུན་ལས་རྣམ་པ། སེར་སྐྱ་མི་མང་བཅས་ཕེབས་ཡོད་འདུག
སྐབས་དེའི་མཛད་སྒོའི་ཐོག་མར། དགེ་འདུན་པ་ཁག་ཅིག་གིས་དབུ་མཛད་ནས་བོད་བསྟན་སྲིད་ཀྱི་དཀར་ཕྱོགས་སྐྱོང་བའི་བོད་སྐྱོང་ལྷ་སྲུང་འཕྲིན་སྐུལ་དང་འབྲེལ་བསངས་གསོལ་གནད་སྨིན་གནང་བ་དང་། དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་། དཔའ་བོ་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་སྐུ་པར་བཅས་གཉིས་ལ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་སྤྱི་འཐུས་རྒྱུན་ལས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་གཙོས་པའི་སྐུ་མགྲོན་རྣམ་པ་དང་། མང་ཚོགས་བཅས་ནས་མཇལ་དར་སྒྲོན་འབུལ་གནང་རྗེས། ཚོགས་བཅར་བ་ཡོངས་ནས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། ཆུ་སྒང་དམག་གླུ་བཅས་བཏང་བ་དང་། དེ་ནས་བོད་མི་རིགས་དང་བསྟན་སྲིད་ཆེད་སྐུ་སྲོག་ཤོར་བའི་རང་རིགས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། ལྷག་པར་དུ་བོད་བསྟན་སྲིད་མི་རིགས་ཆེད་དུ་རང་ལུས་མེར་སྲེག་གནང་མཁན་དཔའ་བོ་དཔའ་མོ་རྣམ་པ། དེ་བཞིན་རྒྱ་ནག་དམར་གཞུང་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་འོག་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་ཀྱི་ཆེད་དུ་མྱ་ངན་ངག་བཅད་སྐར་མ་གཅིག་རིང་ཞུས་གྲུབ་མཚམས། རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་གནང་ཡོད་འདུག
བཞུགས་སྒར་དྷ་རམ་ས་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་ཡན་ལག་འགན་འཛིན་ཕུར་བུ་ཚེ་རིང་ལགས་ཀྱིས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གསུང་འཕྲིན་སྒྲོགས་སྦྱང་གནང་དོན། སྤྱི་ལོ་༡༩༥༨ ཟླ་༦ ཚེས་༡༦ དེ་རིང་གི་ཉིན་མོ་འདི་ནི། བོད་མི་རིགས་ཀྱི་མེས་པོ་ཕ་སྤྲེའུ་བྱང་ཆུབ་སེམས་པ་དང༌། མ་བྲག་སྲིན་མོ་གཉིས་ཀྱི་རིགས་བརྒྱུད་ཐོག་མར་སྤེལ་སའི་ཕ་ས། བཙན་པོ་གོང་མ་རིམ་བྱོན་རྣམ་པའི་ཆགས་ཡུལ། ཆོས་ཀྱི་སྒོ་མོ་འབྱེད་སའི་གནས་མཆོག བཅུ་ཕྲག་རིག་པའི་འབྱུང་གནས། ལྷོ་ཁ་ཞེས་ཡོངས་སུ་གྲགས་པའི་བོད་ཡུལ་ས་ཡི་ལྟེ་བ། ལྕགས་ཚ་གྲི་གུ་ཐང་དུ་མདོ་དབུས་ཁམས་གསུམ་གྱི་དཔའ་རྒོད་རྣམས་ནས་རང་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་བློས་བཏང་གིས་དམ་བཅའ་ཕུལ་བའི་རླབས་ཆེན་གྱི་ཉིན་མོ་ཞིག་ཡིན་ལ། རྒྱལ་ཡོངས་སུ་ཡོངས་བསྒྲགས་བྱས་ཏེ་མི་ལོ་༦༧ འཁོར་བའི་དུས་དྲན་གྱི་ཉིན་མོ་ཡིན་པས། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་གུས་འདུད་དང་སེམས་བསམ་པའི་སྟེང་ནས་རྗེས་དྲན་ཞུ་རྒྱུ་ཡིན།
འདི་ལོ་ནི་ཤིན་ཏུ་ནས་དགའ་སྤོབས་སྐྱེ་བའི་དམིགས་བསལ་གྱི་ལོ་དུས་ཤིག་སྟེ། རང་རེ་གངས་ཅན་པ་ཡོངས་ཀྱི་ལྷ་སྐལ། འཕགས་མཆོག་འཇིག་རྟེན་དབང་ཕྱུག་མི་ཡི་རྣམ་པར་རོལ་པ། འཛམ་གླིང་ཞི་བདེའི་དེད་དཔོན་༸སྤྱི་ནོར་༸གོང་ས་ སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུའི་མཚན་དཔེ་གསེར་གྱི་ལང་ཚོ་མི་ཡུལ་ཁམས་སུ་མངོན་པར་བཞད་དེ་དགུང་གྲངས་༩༠ བདག་གིར་བཞེས་པའི་སྐལ་བཟང་དུས་ཚིགས་ཁྱད་པར་ཅན་ཁེལ་གྱི་ཡོད་སྟབས། དགའ་དད་སྤྲོ་གསུམ་གྱི་ངང་ནས་ལག་གཉིས་ཐལ་མོ་སྙིང་གར་སྦྱར་ཏེ། སྐུའི་འཁྲུངས་སྐར་ལ་ འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་ཡིན།
དེ་ཡང༌། སྤྱི་ལོ་༡༩༥༩ ལོར་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་བོད་ས་ཡོངས་རྫོགས་བཙན་བཟུང་ལག་བསྟར་བྱེད་འགོ་ཚུགས་ཤིང་། མགོན་པོ་གང་ཉིད་ཀྱི་སྐུ་ལ་ཉེར་འཚེའི་འཇིགས་པ་ཆེས་ཆེ་བའི་དུས་ཟིང་ནང༌། མདོ་དབུས་ཁམས་གསུམ་གྱི་བོད་རིགས་ཡོངས་ནས་རང་སྲོག་ལྟོས་མེད་ཀྱིས་ཞི་དྲག་གཉིས་ཀའི་ཐབས་བྱུས་བེད་སྤྱད་དེ་དགྲ་བོའི་གཡོ་བྱུས་འོག་ནས་སྐུ་ལ་ཉེ་ཞོ་གང་ཡང་མེད་པར་ཕྱི་ཡུལ་དུ་བདེ་བགྲོད་ཐུབ་པ་དང༌། མགོན་པོ་གང་ཉིད་ཀྱི་མཛད་འཕྲིན་འོད་སྣང་ཕྱོགས་ཀུན་ཏུ་ཁྱབ་ཅིང༌། གསེར་ཞལ་ལྷང་ངེ་ལྷན་ནེ་འཛམ་གླིང་མཛེས་པའི་རྒྱན་དུ་ཉི་འོད་བཞིན་གསལ་ལམ་མེར་བཞུགས་པ་ནི། བསྟན་སྲུང་དང་བླངས་དམག་དང་། ཕོ་བྲང་སྐུ་འཁོར་རྣམ་པའི་བློས་བཏང་ལས་བྱུང་པར་སོང་། ཁོང་རྣམ་པར་སྙིང་དབུས་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་སོང་།
དེ་ནས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་སྤྱི་འཐུས་རྒྱུན་ལས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་དོན། དེ་རིང་འདིར་དུས་དྲན་སྲུང་བརྩི་ཞུ་བཞིན་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདི་བཞིན་ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་བོད་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་རྒྱལ་གཅེས་དཔའ་བོ་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་དབུ་ཁྲིད་དེ། བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་ནས་དཔའ་མཛངས་བརྟུལ་ཕོད་ཅན་གྱི་དཔའ་རྒོད་རྣམས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་བཙན་རྒྱལ་རྒྱ་ནག་དམར་གཞུང་གི་བཙན་འཛུལ་བ་རྣམས་བོད་ནས་མཐར་སྐྲོད་གཏོང་ཆེད་མ་བགྲོས་བསམ་པ་གཅིག་མཐུན་གྱིས་བཙུགས་པ་ཞིག་ཡིན་ལ། དཔའ་རྒོད་ཚོས་དགྲ་བོ་རྒྱ་དམག་བཙན་རྒྱལ་རིང་ལུགས་པ་ཚོར་དཔའ་ངར་ཞུམ་མེད་ཀྱིས་ཕར་རྒོལ་འཐབ་འཛིང་ལན་མང་བྱས་ཡོད། ལྷག་དོན་དུ་ཕྱི་ལོ་༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་སྐབས་༸སྐུའི་ཉེན་སྲུང་གི་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་༸ཞབས་སོར་བདེ་བར་འཁོད་རྗེས་སུའང་སྙིང་སྟོབས་ཞུམ་པ་མེད་པར་བོད་རྒྱལ་ཁབ་སླར་གསོའི་ཆེད་རྒྱ་དམག་ལ་ཕར་རྒོལ་གྱི་གྲ་སྒྲིག་མུ་མཐུད་བྱས་ཡོད་པ་བཅས་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་དེབ་ཐེར་ནས་ནམ་ཡང་ཟུབ་ཐབས་མེད་པའི་བྱུང་རབས་ཤིག་ཏུ་གྱུར་ཡོད།
སྒྲིག་འཛུགས་འདི་ཉིད་ཀྱིས་བོད་བསྟན་སྲིད་དང་། མི་རིགས། རང་དབང་བཅས་ཀྱི་ཆེད་དཔའ་ངར་ཞུམ་མེད་ཀྱིས་སོ་སོའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་སྟེ་དགྲ་བོར་ཕར་རྒོལ་ཡ་ལན་འཆར་སྒྲིག་སྔ་རྗེས་རིམ་པར་བཤམས་ཏེ། ཁ་གཏད་གདོང་ལེན་གྱི་ཞབས་འདེགས་རྨད་དུ་བྱུང་བ་བསྒྲུབས་ཡོད་པར་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་སྙིང་སྟོབས་ཅན་གྱི་དཔའ་བོ་དཔའ་མོ་ཚོའི་བྱས་རྗེས་ལ་ཡི་རངས་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་ཞུ་བ་དང་ཆབས་ཅིག བོད་རྒྱལ་ཁབ་དང་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཚེ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་གུས་འདུད་ཞུ་རྒྱུ་ཡིན།
ཆུ་སྒང་གི་སྒྲིག་འཛུགས་འདིས་འདས་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་རླབས་པོ་ཆེ་རྣམས་ཡིད་ལ་དྲན་བཞིན་སྒྲིག་འཛུགས་འདི་ཉིད་སྲ་བརྟན་ཕུགས་འཕེར་ངང་གནས་ཏེ་བོད་མིའི་རྩ་དོན་འཐབ་རྩོད་གཙོ་གྱུར་ཐོག་ཚོགས་པའི་བྱ་གཞག་བཟང་པོ་གང་ཅིར་ལྷོད་གཡེང་དུ་མ་སོང་བའི་ཕྱོགས་ཚང་མ་ནས་སྔར་ལྷག་འབད་བརྩོན་གནང་བཞིན་པ་ནི་ལེགས་པའི་ལམ་དུ་གྱུར་བ་དང་། དེ་བཞིན་ཚོགས་པ་དེ་ཉིད་ཕྱིས་སུ་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པར་དེབ་སྐྱེལ་གནང་སྟེ་ཆུ་སྒང་དབུས་ས་ཡོངས་དང་། རྒྱུན་ལས་རྣམ་པའི་ལས་དོན་བྱེད་ཕྱོགས་དང་ཐོབ་ཐང་། དངུལ་རྩིས་སྟངས་འཛིན་བྱེད་ཕྱོགས་བཅས་ཀྱི་སྒྲིག་གཞི་ཁག་གཏན་འབེབས་ཀྱིས་གང་ཟག་གི་དབང་སྒྱུར་ལ་གཙོ་བོར་མི་བརྟེན་པར་ཁྲིམས་ཀྱིས་དབང་སྒྱུར་ཐོག་ནས་བསྐྱོད་བཞིན་པ་དང་། བྱེ་བྲག་ཏུ་ཆུ་སྒང་སྒྲིག་འཛུགས་ཀྱིས་རང་རིགས་མི་རབས་རྒན་པ་རྣམས་ལ་ལེགས་སོ་དང་འཁོས་ཞན་རྣམས་ལ་འཚོ་སྣོན། མ་འོངས་བོད་དོན་འཐབ་རྩོད་དང་བོད་ཀྱི་ཆོས་དང་། རིག་གཞུང་། མི་རིགས་ཀྱི་སོན་རྩ་ན་གཞོན་རྣམས་ལ་སློབ་ཡོན་བཅས་ཀྱི་མཐུན་འགྱུར་གནང་དང་གནང་བཞིན་པ་སོགས་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ཚོར་ཕན་ཐོགས་ཙམ་དུ་མ་ཟད། བོད་མིའི་སྒྲིག་འཛུགས་སྤྱི་ལའང་དཔུང་འདེགས་སུ་འགྲོ་བའི་བྱ་གཞག་བཟང་པོ་འདི་དག་ལ་ད་རེས་དུས་དྲན་མཛད་སྒོ་འདི་དང་བསྟུན་ནས་བསྔགས་བརྗོད་ཞུ་རྒྱུ་མ་ཟད། ད་དུང་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་མུ་མཐུད་ཕྱག་ལས་རྒྱུན་འཁྱོངས་གནང་རྒྱུའི་ཆོད་སེམས་བརྟན་པོ་དང་འབད་བརྩོན་བཅས་སྔར་ལྷག་གནང་རྒྱུ་གལ་ཆེར་མཐོང་།
ང་ཚོའི་རང་ཡུལ་བོད་ཆོས་ལྡན་གྱི་ཞིང་ཁམས་རྒྱ་ནག་དམར་གཞུང་གིས་བཙན་བཟུང་བྱས་ནས་མི་ལོ་ ༦༦ ལྷག་སོང་ཡོད་ཀྱང་། གཞིས་བཞུགས་རྒྱ་ཆེའི་མི་མང་གི་ལར་ཞེན་དང་སྙིང་སྟོབས་གཡོ་བ་མེད་པའི་ཐོག་བོད་མིའི་རང་དབང་འཐབ་རྩོད་མ་ཉམས་པར་གནས་བཞིན་ཡོད་པ་ལྟར་ཇི་སྲིད་བོད་མིའི་བདེན་མཐའ་མ་གསལ་བར་དེ་སྲིད་དུ་བོད་དོན་རྩོད་ལེན་བྱ་རྒྱུ་དེ་ཡང་ནམ་ཡང་མཚམས་འཇོག་མི་བྱེད་པའི་དམ་བཅའ་བརྟན་པོ་གནས་ཤིང་། བཙན་བྱོལ་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་གྱིས་བོད་མིའི་མང་གཙོའི་ངོ་བོ་ཆ་ལག་ཚང་བའི་བོད་མིའི་སྒྲིག་འཛུགས་འདི་བཞིན་སྲ་བརྟན་དུ་གནས་ཐུབ་པ་བྱུང་ཡོད་པ་མ་ཟད། འཛམ་གླིང་ཡུལ་གྲུ་གང་སར་བཙན་བྱོལ་བ་དུ་མ་ཡོད་པའི་ཁྲོད་ནས་ཀུན་གྱིས་བསྔགས་པའི་ཡུལ་དུ་གྱུར་ཡོད། དེ་བཞིན་འཛམ་གླིང་སྐྱེ་འགྲོ་ཀུན་ལ་སྨན་པའི་ཞི་བདེ་དང་། བཟང་སྤྱོད། བྱམས་བརྩེ་བཅས་ཀྱི་འབྱུང་གནས་ཐུན་མོང་མ་ཡིན་པའི་བོད་ཀྱི་ཆོས་དང་རིག་གཞུང་། མི་ཉམས་རྒྱུན་འཛིན་ཐོག་བོད་མི་རིགས་ཀྱི་ངོ་བོ་མ་བརླགས་པར་ཚང་མས་འགན་ཁུར་སྔར་ལྷག་ཆེ་བསྐྱེད་གནང་དགོས།
ཕྱི་ལོ་ ༢༠༢༥ ལོ་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་དགུ་བཅུར་ཕེབས་པའི་༸སྐུའི་གོ་སྟོན་དང་འབྲེལ་༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞི་སོགས་ཀྱི་ཐོག་མི་མང་ལ་གོ་རྟོགས་སྤེལ་རྒྱུ་དང་། ༸རྒྱལ་དབང་གང་ཉིད་ཀྱི་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཆེད་ཞབས་རིམ་གསོག་སྒྲུབ་དང་སྲོག་བླུ་ཚེ་ཐར་སོགས་རྣམ་དཀར་དགེ་བའི་ལས་རྒྱ་གང་ཆེ་གནང་ཐུབ་དགོས་པའི་སྐུལ་མ་ཞུ་འདོད་བྱུང།
གནས་ཡུལ་རྒྱ་གར་གཞུང་མང་གཉིས་ཀྱི་གཙོས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱིའི་ནང་དུ་གཞུང་དང་། དབུ་ཁྲིད། གནད་ཡོད་མི་སྣ། སྤྱི་སྒེར་བཅས་ནས་བོད་མིའི་རང་དབང་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་བཞིན་པར་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང་། སླད་མར་ཡང་བོད་དོན་བདེན་མཐའ་མ་གསལ་བར་དུ་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། རླབས་ཆེན་ཐུགས་ཀྱི་དགོངས་བཞེད་རྣམས་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཞུ་སྒོ་མཐའ་དག་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་རྒྱལ་ལོ་ ༢༡༥༢ རབ་གནས་ཤིང་སྦྲུལ་ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡༦ ལ། ། ཞེས་གསུངས་གནང་འདུག
མཐའ་མར། དྷ་རམ་ས་ལའི་ས་གནས་ཆུ་སྒང་དྲུང་ཆེ་བློ་ཚེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་། དེ་ནས་སྐུ་མགྲོན་རྣམ་པ་དང་། ཚོགས་བཅར་བ་ཡོངས་ནས་ལྷ་རྒྱལ་འཐེན་གནང་རྗེས་མཛད་སྒོ་མཇུག་བསྒྲིལ་གནང་ཡོད་འདུག
ཡོངས་ཁུངས། བོད་མི་མང་སྤྱི་འཐུས་ལྷན་ཚོགས།