02
Thu, May

རྒྱ་ནག་ནས་ཁྱབ་པའི་གློ་ནད་གསར་པས་མིའི་གློ་བར་གནོད་འཚེ་བྱེད་ཀྱི་ཡོད་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ལོའི་ཟླ་༡༢ ཚེས་༡ ཉིན། དེ་ཡང་རྒྱ་ནག་ནས་ཁྱབ་པའི་གློ་ནད་གསར་པའི་ཉེན་ཚབས་ཉིན་རེར་བཞིན་ཆེ་ནས་ཆེ་རུ་འགྲོ་བཞི་ཡོད་པ་དང་། དེང་སྐབས་དེའི་འགོས་ཚད་ཀྱི་གཞི་རྒྱ་ཆེ་རུ་ཕྱིན་ནས། ཨ་རི་དང་ཡོ་རོབ་སོགས་ཀྱི་རྒྱལ་ཁབ་ནང་དུ་ཁྱབ་སྟེ་ནད་ཡམས་ཆེན་པོའི་རྣམ་པར་འགྱུར་ཡོད་ཚུལ་གྱི་གནས་ཚུལ་ཐོན་འདུག

ཐོག་མར་འདིའི་ཕྱི་ཟླ་བཅུ་པའི་ཟླ་དཀྱིལ་ནས་རྒྱ་ནག་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཁག་ནས་ཁྱབ་བརྡལ་དུ་ཕྱིན་པའི་གློ་ནད་གསར་པ་(White Lung Syndrome)འདི་ནི། གློ་བར་རྨ་ཁ་བཟོ་བ་དང་གློ་བའི་ཁ་དོག་སྒྱུར་བར་བྱེད་པའི་གློ་ནད་ཉེན་ཚབས་ཅན་ཞིག་ཡིན་པ་དང་། དེང་སྐབས་དེའི་འགོས་ཚད་ཀྱི་གཞི་རྒྱ་ཆེ་རུ་ཕྱིན་ནས། ཨ་རི་དང་ཡོ་རོབ་གཙོས་པའི་རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་ཁྱབ་ནས་ནད་ཡམས་ཆེན་པོའི་རྣམ་པར་འགྱུར་ཡོད་ཚུལ་གྱི་གནས་ཚུལ་ཐོན་འདུག །

གློ་ནད་གསར་པ་འདི་ཕོག་མཁན་གཙོ་བོ་ནི། བྱིས་པ་ལོ་གསུམ་ནས་བཅུ་བཞི་བར་ཡིན་ཚུལ་བརྗོད་ཅིང་། ནད་རྟགས་གཙོ་བོ་ནི་ཚ་བ་རྒྱས་པ་དང་། གློ་རྒྱག་པ། ཐང་ཆད་པ། དབུགས་མི་བདེ་བ། ལུད་པ་འབྱུང་བ། བྲང་ཁ་ན་བ་བཅས་ཡིན་སྟབས། ཏོག་དབྱིབས་ན་ཚའི་ནད་རྟགས་དང་ཤིན་ཏུ་འདྲ་སྐོར་བརྗོད་འདུག

གློ་ནད་འདིའི་རྒྱུ་རྐྱེན་ཅི་ཞིག་ཡིན་པ་ད་དུང་གསལ་ཁ་མེད་ནའང་། ནད་འབུ་ཕྲ་མོ་དང་། ནད་དུག །ཁོར་ཡུག་གི་རྒྱུ་རྐྱེན་བཅས་ལྷན་དུ་འདྲེས་ནས་བྱུང་བ་ཞིག་ཡིན་ཚུལ་ཚོད་དཔོག་གནང་གི་འདུག

ནད་ཡམས་འདི་འགོས་ཚུལ་ནི། གློ་རྒྱག་པ་དང་། སྣ་སྦྲིད་རྒྱག་པ། སྐད་ཆ་བཤད་པ། གླུ་གཞས་ལེན་པ། དབུགས་གཏོང་བ་སོགས་བརྒྱུད་ནས་མི་ཕན་ཚུན་ལ་འགོས་ཁྱབ་འགྲོ་བཞིན་ཡོད་པས། རང་ཉིད་ཀྱི་ཁོར་ཡུག་ཏུ་གློ་ནད་གསར་པ་འདི་བྱུང་ཡོད་པའི་གནས་ཚུལ་ཡོད་ཚེ། རང་ཉིད་ཀྱིས་ངེས་པར་དུ་ཁ་རས་གོན་པ་དང་། ལག་པ་ཡང་ཡང་འཁྲུ་བ། གཞན་དང་འབྲེལ་འདྲིས་བྱེད་མི་རུང་བ་སོགས་ཀྱི་ལམ་སྟོན་གནང་འདུག

ས་གནས་ཁ་ཤས་སུ་གློ་ནད་འདི་ན་ཚ་གསར་པ་མ་ཡིན་ཚུལ་བརྗོད་བཞིན་ཡོད་ནའང་། ས་གནས་ཁ་ཅིག་ཏུ་ན་ཚ་འདི་ནི་རྒྱུན་ལྡན་གྱི་ན་ཚ་ཞིག་མིན་ཚུལ་དང་། སྔོན་གྱི་ཏོག་དབྱིབས་ན་ཚ་དང་འདྲ་ཚུལ། ཡང་ན་ཏོག་དབྱིབས་ན་ཚ་དང་འབྲེལ་བ་ཡོད་སྐོར་ཡང་བརྗོད་འདུག

ད་ལྟ་རྒྱལ་ཁབ་མང་པོ་ཞིག་གིས་གློ་ནད་གསར་པ་འདི་ལ་དོགས་ཟོན་དང་སྔོན་འགོག་གི་བྱ་བ་བྱེད་བཞིན་ཡོད་པ་ལྟར། རྒྱ་གར་གྱི་མངའ་སྡེ་མང་པོ་ཞིག་གིས་ཀྱང་དེ་ལྟར་དོགས་ཟོན་དང་སྔོན་འགོག་གི་བྱ་བ་རྣམས་བསྒྲུབ་དགོས་སྐོར་གྱི་བཀའ་མངགས་དང་ལམ་སྟོན་གནང་བཞིན་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།