02
Thu, May

ཕྱི་ལོ་༢༠༢༣་ཟླ་༦་ཚེས་༡༩ཉིན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཨན་ཊོན་ཎི-བྷི་ལིན་ཁེན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལ་ཐུག་འཕྲད་བྱས་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༦་ཚེས་༡༩ཉིན་སྤེལ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཨན་ཊོན་ཎི-བྷི་ལིན་ཁེན་ལགས་རྒྱ་ནག་པེ་ཅིང་ལ་ཕེབས་ནས། རྒྱ་ནག་གི་སྲིད་འཛིན་དང་ཕྱི་སྲིད་བློན་ཆེན་ལ་ཐུག་འཕྲད་བྱས་ཏེ། བོད་དང་ཤར་ཏུར་ཀི་སི་ཐན། ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པར་སེམས་འཚབ་ཡོད་སྐོར་བརྗོད་ཡོད་འདུག

དེ་ཡང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་གནས་ཚུལ་སྤེལ་བར་ལྟར་ན། ཟླ་འདིའི་ཚེས་༡༨་ནས་༡༩་བར་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཁེན་རྒྱ་ནག་རྒྱལ་ས་པེ་ཅིང་ལ་འཚམས་གཟིགས་ཕེབས་ཡོད་པ་དང་། ཕྱི་ཚེས་༡༨་ཉིན་རྒྱ་གཞུང་གི་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་བྱས་ཡོད་འདུག དྲུང་ཆེ་མཆོག་གིས་རྒྱ་ནག་གི་འགོ་ཁྲིད་དང་མཉམ་དུ་སྦ་གསང་མེད་པ་དང་དངོས་འབྲེལ། དོན་ཕན་ཅན་ལྡན་པའི་གཏམ་བཤད་བཤད་བྱས་ཡོད་སྐོར་གསལ་འདུག ཐེངས་འདིའི་ཨ་རྒྱ་གཉིས་ཀྱི་ཆེས་མཐོ་མི་སྣ་དངོས་སུ་ཐུག་འཕྲད་ནི་ལོ་ལྔ་རྗེས་སུ་ཡིན་པ་བརྗོད་འདུག སྤྱི་ད་ལྟར་ཨ་རྒྱ་གཉིས་འབྲེལ་བ་ནི་སྡུག་ཤོས་གྲས་སླེབས་ཡོད་པ་དང་། ཐུག་འཕྲད་འདི་བརྒྱུད་ནས་རྒྱལ་ཁབ་གཉིས་ཀྱིས་འབྲེལ་ལམ་བཟང་རུ་འགྲོ་བའི་རེ་བ་རྒྱག་གི་ཡོད་པ་རེད་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་པེ་ཅིང་ལ་ཟླ་འདིའི་ཚེས་༡༨་ལ་འབྱོར་ཡོད་པ་དང་། དེ་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིན་གྷམ་ཐུག་འཕྲད་བྱས་པ་དང་། དྲུང་ཆེ་མཆོག་གིས་རྒྱལ་ཁབ་གཉིས་ཀྱི་བར་ཕྱི་འབྲེལ་སྲིད་བྱུས་དང་འབྲེལ་ལམ་གལ་ཆེན་ཡིན་སྐོར་དང་། དེ་བཞིན་ཨ་རི་ཡིས་སེམས་འཚབ་ཡོད་པའི་གནད་དོན་སྐོར་གླེང་སློང་བྱས་ཡོད་སྐོར་བརྗོད་འདུག སེམས་འཚབ་ཡོད་པའི་གནད་དོན་ནི་བོད་དང་ཤར་ཏུར་ཀི་སི་ཐན། ཧོང་ཀོང་བཅས་སུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པར་སེམས་འཚབ་སོགས་ཀྱི་སྐོར་རེད་འདུག

དྲུང་ཆེ་མཆོག་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཨ་རིར་ཕེབས་ནས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སྐོར་ད་དུང་གཏིང་ཟབ་བགྲོ་གླེང་བྱེད་ཆེད་ཡོང་རྒྱུ་གདན་འདྲེན་བྱས་ཡོད་འདུག

ཟླ་འདིའི་ཚེས་༡༩ཉིན། དྲུང་ཆེ་བྷི་ལིན་ཁེན་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ལ་ཐུག་འཕྲད་བྱས་ཡོད་འདུག དེའི་རྗེས། དྲུང་ཆེ་བྷི་ལིན་ཁེན་གྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་འདུག དྲུང་ཆེ་མཆོག་གིས་རྒྱ་ནག་གི་ཆེས་མཐོ་མི་སྣ་ཐུག་ནས་ཚོང་དང་ཕྱི་འབྲེལ། ར་ཤི་ཡ་དང་ཡུའུ་ཁུ་རན་བར་གྱི་དམག་འཁྲུག་སྐོར། ཐེ་ཝན་སྐོར་སོགས་ཀྱི་ཐོག་བགྲོ་གླེང་བྱས་ཡོད་བརྗོད་སོང་། ད་དུང་། རྒྱ་ནག་གི་སྲིད་འཛིན་དང་ཕྱི་སྲིད་བློན་ཆེན་ལ་ཐུག་འཕྲད་བྱས་ཏེ། བོད་དང་ཤར་ཏུར་ཀི་སི་ཐན། ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པར་སེམས་འཚབ་ཡོད་སྐོར་བརྗོད་ཡོད་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་བྷི་ལིན་ཁེན་ལགས་རྒྱ་ནག་པེ་ཅིང་ལ་འཚམས་གཟིགས་མ་ཕེབས་གོང་། གཞུང་འབྲེལ་མིན་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་བཞི་བཅུ་ལྷག་གིས་དྲུང་ཆེ་མཆོག་ལ་འཕྲིན་ཡིག་བཏང་ནས་ཁོང་གིས་རྒྱ་གཞུང་གི་ཆེས་མཐོ་མི་སྣ་མཉམ་དུ་ཐུག་འཕྲད་བྱེད་སྐབས་བོད་དང་ཤར་ཏུར་ཀི་སི་ཐན། ཧོང་ཀོང་། རྒྱ་ནག་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་གླེང་སློང་བྱེད་དགོས་པའི་འབོད་སྐུལ་ཞུས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།