13
Thu, Jun

ཕྱི་ལོ་༢༠༢༤ ཟླ་༣ ཚེས་༡༠ ཉིན། བོད་མི་རྣམས་ཀྱིས་གཙུག་ལག་ཁང་ནས་རྡ་ཤོད་ཀ་ཅ་རི་བར་དུ་ཞི་བའི་གོམ་བགྲོད་ལམ་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པ་སྲུང་བརྩི་ཞུས་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༤ ཟླ་༣ ཚེས་༡༠ ཉིན། གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་བཞི་ཡིས་གོ་སྒྲིག་འོག རྡ་རམ་ས་ཁུལ་གྱི་བཀའ་བློན་དང་སྤྱི་འཐུས། དགེ་འདུན་པ་དང་བཙུན་མ། སློབ་ཕྲུག དེ་བཞིན་མི་མང་བརྒྱ་ཕྲག་མང་པོས་གཙུག་ལག་ཁང་ནས་རྡ་ཤོད་ཀ་ཅ་རི་བར་དུ་ཞི་བའི་གོམ་བགྲོད་གནང་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པ་དང་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོ་སྲུང་བརྩི་ཞུས་གནང་སོང་། སྐབས་དེར་ཚོགས་འདི་དག་གིས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང༌། རྒྱ་ནག་གིས་བོད་དུ་འཛིན་པའི་དམ་དྲག་སྲིད་བྱུས། བོད་ནང་ཛ་དྲག་གི་གནས་སྟངས་སོགས་ལ་བརྟེན་བོད་མི་སྤྱི་སྒེར་ཡོངས་དང་༌། ལྷག་པར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་སྤྱི་སྒེར་རྣམས་ལ་འབྲེལ་ལམ་སྔར་ལྷག་དམ་འཛིན་གནང་རྒྱུ་དང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་སྟབས་བསྟུན་གྱིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་རྣམས་ཀྱིས་མཉམ་འབྲེལ་ཐོག་བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་གོང་སྤེལ་གཏོང་རྒྱུ་ཡིན་སྐོར་བརྗོད་སོང་།

དེ་ཡང་། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པ་ཉིན། འཛམ་གླིང་ས་ཕྱོགས་༤༠་ལྷག་གི་ནང་དུ་བོད་མིའི་སྒེར་ལངས་ཉིན་མོ་སྲུང་བརྩི་དང་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་དང་ཞི་བའི་གོམ་བགྲོད་གནང་ཡོད་འདུག རྡ་རམ་སར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཀྱིས་གོ་སྒྲིག་འོག བོད་མི་སྟོང་ཕྲག་འགའ་ཡིས་བཞུགས་སྒར་རྡ་རམ་ས་ནས་རྡ་ཤོད་ཀ་ཅ་རི་བར་དུ་ཞི་བའི་གོམ་བགྲོད་གནང་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པ་དང་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོ་སྲུང་བརྩི་ཞུས་གནང་སོང་། སྐབས་དེར། གོམ་བགྲོད་པ་རྣམས་ཀྱིས་བོད་ལ་རང་དབང་དགོས། བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན། རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བར་མཚམས་འཇོག་དགོས། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག ཅེས་པའི་འབོད་སྒྲ་སོགས་བསྒྲོགས་ནས་རྒྱ་གཞུག་ལ་ངོ་རྒོལ་གནང་སོང་། གཞན་ཡང་། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་བཞི་ཐུན་མོང་གི་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པའི་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་འདུག གཤམ་འཁོད་ནི་ཁོང་རྣམ་པའི་བསྒྲགས་གཏམ་རེད།

དེ་རིང་གི་ཉིན་མོ་འདི་ནི་བོད་མི་རིགས་ལ་ཆ་མཚོན་ན་རང་བཙན་འཐབ་རྩོད་ཀྱི་ལོ་རྒྱུས་ནང་ནམ་ཡང་བརྗེད་ཐབས་མེད་པའི་ཉིན་མོ་གལ་ཆེན་ཞིག་ཡིན་པར་བརྟེན། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་བཞིའི་ངོས་ནས་ཐོག་མར་གཞིས་བྱེས་བོད་འབངས་ཡོངས་ལ་མཛའ་བརྩེའི་འཚམས་འདྲི་ཞུ་བ་དང་སྦྲགས། དགྲ་བོ་རྒྱ་དམར་གཞུང་གིས་བོད་སར་བཙན་འཛུལ་བྱས་པ་ནས་བཟུང་ད་བར་བོད་རྒྱལ་ཁབ་དང༌། མི་རིགས་རིག་གཞུང་གི་བདག་དབང་དང༌། སྲུང་སྐྱོབ་སླད་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་ལྷག་བསམ་དང་སྙིང་སྟོབས། མཛད་རྗེས་སོགས་རྗེས་སུ་དྲན་པའི་སྒོ་ནས་མྱ་ངན་གུས་འདུད་ཞུ་རྒྱུ་མ་ཟད། ད་དུང་ཡང་རྒྱ་གཞུང་གི་བཙན་འོག་ན་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་རྒྱལ་གཅེས་ཆབ་སྲིད་བཙོན་པ་རྣམས་པ། དེ་བཞིན་གཞིས་བཞུགས་བོད་འབངས་ཡོངས་ཀྱི་ལྷག་བསམ་དང་སྙིང་སྟོབས་ཞུམ་མེད་ཀྱིས་རི་ལྟར་སྲ་བརྟན་དུ་གནས་མུས་ཡིན་པར་སོང༌། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་བཞིའི་རྒྱུན་ལས་ཚོགས་མི་ཡོངས་ནས་ཡི་རང་བསྔགས་བརྗོད་དང་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན།

རྒྱ་དམར་སྲིད་གཞུང་གིས་ངོ་ཚ་ཁྲེལ་མེད་ཀྱིས་ཕྱི་ལོ་ ༡༩༥༩ ལོར་ཁྲིམས་འགལ་གྱིས་བོད་ས་ཡོངས་རྫོགས་དངོས་སུ་བཙན་བཟུང་བྱས་པར་བརྟེན་སྤྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་རྣམས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་འདུ་འཛོམས་ཐོག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཕྱྭའི་ཉེན་སྲུང་དང༌། བོད་ཀྱི་བདག་དབང་སྲུང་སྐྱོབ་སླད་“༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག”ཅེས་པའི་འབོད་སྒྲ་དང་བཅས་ངོ་རྒོལ་ཁྲོམ་སྐོར་གྱིས་བོད་རང་དབང་སྒེར་ལངས་ཐོག་མ་དེ་གནང་ཡོད་པ་དང༌། དུས་དེ་ནས་བཟུང་རང་དབང་དང་ཞི་བདེ་ལ་དགའ་བའི་ཉམས་ཐག་བོད་མི་རྣམས་ནས་ལས་འགུལ་རབ་དང་རིམ་པ་སྤེལ་བར་བརྟེན་རྒྱ་གཞུང་གིས་གོ་མཚོན་སྣ་ཚོགས་བེད་སྤྱད་ཀྱིས་ད་བར་བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་ཡོད་པ་དང༌། ལྷག་པར་ཕྱི་ལོ་ ༢༠༠༨ ནས་བཟུང་རྒྱ་གཞུང་གི་དམ་དྲག་སྲིད་བྱུས་ལ་འུ་ཐུག་ཐབས་ཟད་ཀྱིས་བོད་ཕྱི་ནང་གཉིས་ནས་བོད་མི་རྒན་གཞོན་གྲངས་༡༧༠ མ་ཟིན་ཙམ་གྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་ལུས་མེར་སྲེག་གནང་དགོས་བྱུང་ཡོད།

མ་ཟད་རྒྱ་གཞུང་གིས་བོད་མི་རིགས་རྩ་མེད་བཟོ་རྒྱུའི་བསམ་ངན་རྩུབ་སྤྱོད་ཀྱི་སྲིད་བྱུས་མུ་མཐུད་འཛིན་ནས་ཉེས་མེད་ཉེས་འདོགས་ཀྱིས་འཛིན་བཟུང་བཙོན་འཇུག་དང་། ཉིན་མཚན་ཀུན་དུ་མི་མང་རྣམས་འགྲོ་འདུག་གི་རང་དབང་མེད་པར་བཀག་འགོག་སྟངས་འཛིན་བྱེད་པ། རྒྱ་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭ་ཟུར་བཙུགས་ཀྱིས་བོད་ཕྲུག་རྣམས་སློབ་གྲྭར་བཙན་འཇུག་བྱས་པ་མ་ཟད། དམར་ཤོག་གི་ལྟ་བ་བཙན་ཁྲིད་བྱེད་བཞིན་ཡོད། ལྷག་པར་དགོན་སྡེ་གྲྭ་ཚང་ཁག་ནང་དམར་ཤོག་གི་ལྟ་བ་ཟབ་ཁྲིད་བྱེད་པ་ལས་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་གི་ཐད་ཟབ་ཁྲིད་མི་ཆོག་པ། དེ་བཞིན་བོད་རིགས་ལས་བྱེད་པ་རྣམས་ཆོས་ཕྱོགས་ཀྱི་བྱེད་སྒོ་གཉེར་མི་ཆོག་པ་མ་ཟད་ཆོས་ཕྱོགས་ཀྱི་བྱེད་སྒོའི་ནང་མཉམ་ཞུགས་བྱ་མི་ཆོག་པ། རང་གི་རྒྱལ་ཁབ་བོད་ས་སྟོད་སྨད་བར་གསུམ་དུ་ཡུལ་སྐོར་འགྲོ་རྒྱུར་ཡང་བཀག་འགོག་སྟངས་འཛིན་དང༌། རྒྱ་དམར་སྲིད་གཞུང་ནས་ཆོག་མཆན་ལག་འཁྱེར་འདྲ་མིན་བཟོ་དགོས་པ། མི་རིགས་དབྱེ་འབྱེད་ཀྱིས་ལས་རིགས་འདྲ་མིན་ནང་གོ་སྐབས་གཅིག་མཚུངས་མེད་པ་མ་ཟད། ཉེ་བའི་འཆར་བོད་ཁམས་སྡེ་དགེའི་འབྲི་ཆུའི་ཞུར་རྒྱུན་དུ་ཆུ་མཛོད་གསར་རྒྱག་གི་ལས་གཞིར་དམིགས་ཏེ་དགོན་པ་དང་ཡུལ་གྲོང་གི་ཆགས་འཇིག་དང་། ཡུལ་མིའི་འཚོ་གནས་སོགས་ལ་བསམ་ཤེས་མེད་པར་གནས་སྤོ་དགོས་པའི་བཙན་བཀའ་ཕབ་པ་སོགས་ཀྱི་ཛ་དྲག་གི་གནས་ཚུལ་དང༌། མདོར་ན་བོད་ཀྱི་སྣོད་བཅུད་གཉིས་ལ་གཏོར་སྐྱོན་ཚབས་ཆེ་བཏང་དང་གཏོང་མུས་ཡིན།

བོད་རྒྱལ་ཁབ་དེ་བཞིན་རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་འཛམ་གླིང་རྒྱལ་སྤྱིའི་ཐོག་བོད་མི་སྤྱི་སྒེར་ཡོངས་ནས་མི་ལོ་དྲུག་ཅུ་ལྷག་རིང་དྲིལ་བསྒྲགས་དང་ཞུ་གཏུགས་ལས་འགུལ་རིམ་པར་སྤེལ་ཡོད་པ་དང༌། དེ་བཞིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་སྤྱི་སྒེར་ཡོངས་ནས་རྒྱབ་སྐྱོར་དང་རོགས་རམ་རིམ་པར་གནང་བར་རྟེན་འཛམ་གླིང་རྒྱལ་སྤྱིའི་ཐོག་བོད་ཀྱི་བདེན་པའི་འཐབ་རྩོད་དང༌། བོད་ནང་གི་དངོས་ཡོད་གནས་ཚུལ་ལོ་རེ་ནས་ལོ་རེར་ཇེ་གསལ་དུ་ཕྱིན་སྟབས་བོད་རྒྱ་ནག་གི་ཆ་ཤས་མིན་པ་ངོས་འཛིན་གནང་མཁན་ཇེ་མང་དུ་ཕྱིན་ཡོད། དེ་བཞིན་ཨ་རིའི་ཕྱི་འབྲེལ་ཚོགས་ཆུང་དང་གྲོས་ཚོགས་འོག་མ་གཉིས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཚད་མཐོར་ཐོབ་ཡོད་པས་དགའ་སྤོབས་སྐྱེ་གཞིར་གྱུར་ཡོད་པ་མ་ཟད། ཁྲིམས་འཆར་དེ་ཡང་ཨ་རིའི་ཁྲིམས་སུ་གཏན་འབེབ་ཡོང་རྒྱུར་རེ་བ་ཆེན་པོ་ཡོད་པས་རང་རིགས་རྣམས་ལ་དགའ་སྤོབས་སྐྱེ་གཞིར་གྱུར་ཡོད། དེར་བརྟེན་བོད་མི་སྤྱི་སྒེར་འབྲེལ་ཡོད་རྣམ་པས་གྲོས་ཚོགས་གོང་འོག་གཉིས་ཀས་བོད་དོན་ཐད་རྒྱབ་སྐྱོར་རོགས་རམ་སྔར་ལྷག་དང་ཁྲིམས་འཆར་དེ་བཞིན་ཨ་རིའི་ཁྲིམས་སུ་གཏན་འབེབ་གནང་ཐབས་ལ་མུ་མཐུད་འབད་བརྩོན་གནང་དགོས་གལ་དང་། གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ངོས་ནས་ཀྱང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཐད་དུས་མཚམས་ཀྱི་བསྐྱར་ཞིབ་གནང་སྐབས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐད་རྒྱབ་སྐྱོར་གནང་མཁན་སྔར་དང་མི་འདྲ་བར་རྒྱལ་ཁབ་ཉི་ཤུ་ཙམ་བྱུང་ཡོད།

དེ་ལྟར་ན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང༌། རྒྱ་ནག་གིས་བོད་དུ་འཛིན་པའི་དམ་དྲག་སྲིད་བྱུས། བོད་ནང་ཛ་དྲག་གི་གནས་སྟངས་སོགས་ལ་བརྟེན་བོད་མི་སྤྱི་སྒེར་ཡོངས་དང་༌། ལྷག་པར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་སྤྱི་སྒེར་རྣམས་ལ་འབྲེལ་ལམ་སྔར་ལྷག་དམ་འཛིན་གནང་རྒྱུ་དང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་སྟབས་བསྟུན་གྱིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་རྣམས་ཀྱིས་མཉམ་འབྲེལ་ཐོག་བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་གོང་སྤེལ་དང༌། བོད་དོན་དྲིལ་བསྒྲགས་དང་ཞུ་གཏུགས་ལས་འགུལ་སྔར་ལྷག་སྤེལ་རྒྱུ་ཡིན་པས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་དང་། བོད་མི་སྤྱི་སྒེར་རྣམས་ནས་བོད་དོན་འཐབ་རྩོད་ཀྱི་་ལས་འགུལ་ནང་སྔར་ལྷག་མཉམ་ཞུགས་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་བཅས།

བོད་ཀྱི་ལོ་རྒྱུས་ཡིག་ཆ།