01
Wed, May

ཕྱི་ལོ་༢༠༢༣ ལོའི་ཟླ་༡༢ ཚེས་༡༠ ཉིན། བཞུགས་སྒར་རྡ་ས་ལྷ་རྒྱལ་རིར་ཆགས་ཡོད་པའི་༸གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་གི་གཟེངས་རྟགས་སྒྲིག་གཤོམ་ཁང་རྒྱ་ཆེའི་མི་མང་ལ་དུས་སྐབས་སོ་སོར་མཇལ་ཁའི་གོ་སྐབས་བསྐྲུན་རྒྱུའི་ལས་གཞི་དབུ་འབྱེད་གནང་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ལོའི་ཟླ་༡༢ ཚེས་༡༠ ཉིན། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཕུལ་བའི་ཉིན་མོ་དང་སྟབས་བསྟུན་ནས། བཞུགས་སྒར་རྡ་ས་ལྷ་རྒྱལ་རིར་ཆགས་ཡོད་པའི་༸གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་གི་གཟེངས་རྟགས་སྒྲིག་གཤོམ་ཁང་རྒྱ་ཆེའི་མི་མང་ལ་དུས་སྐབས་སོ་སོར་མཇལ་ཁའི་གོ་སྐབས་བསྐྲུན་རྒྱུའི་ལས་གཞི་དབུ་འབྱེད་གནང་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༨ པའི་ཐོག བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཤར་མཱ་མཆོག་རྣམ་གཉིས་ནས། ༸གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་གི་གཟེངས་རྟགས་སྒྲིག་གཤོམ་ཁང་རྒྱ་ཆེའི་མི་མང་ལ་དུས་སྐབས་སོ་སོར་མཇལ་ཁའི་གོ་སྐབས་བསྐུན་རྒྱུའི་ལས་གཞི་དབུ་འབྱེད་གནང་སོང་། སྐབས་དེར། གླིང་རིན་པོ་ཆེ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཡང་དབུ་འབྱེད་མཛད་སྒོར་ཕེབས་འདུག

༸གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་འདི་ཉིད་དུ་༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་དང་། ༸གོང་ས་མཆོག་གི་བཀའ་རྩོམ་ཡིག་སྒྱུར་ཚན་པ། སྒྲ་བརྙན་སྡེ་ཚན། ཉམས་ཞིབ་ཚན་པ། ཡིག་ཚགས་ནང་འཇུག་སྡེ་ཚན། དཔེ་མཛོད། ཡིག་ཚགས་ཁང་། གཟེངས་རྟགས་སྒྲིག་གཤོམ་ཁང་བཅས་ཀྱི་སྡེ་ཚན་འདུག དེ་ཡང་གཟེངས་རྟགས་སྒྲིག་གཤོམ་ཁང་གི་ནང་དུ་༸གོང་ས་མཆོག་ལ་ཕུལ་བའི་ནོ་སྤེལ་ཞི་བདེའི་གཟེངས་རྟགས་དང་། ཌེམ་པལ་ཌོན་གསེར་གྱི་རྟགས་མ། ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ། ར་མོན་མེག་སེ་སེ་གཟེངས་རྟགས་ཁག་གིས་གཙོས་པའི་གཟེངས་རྟགས་རྣམས་སྒྲིག་གཤོམ་གནང་འདུག

ཐོག་མར། ༸གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་གི་འགན་འཛིན་འཇམ་དཔལ་ལྷུན་གྲུབ་ལགས་ཀྱིས་དཔེ་མཛོད་དང་ཡིག་ཚགས་འདི་ཉིད་ཀྱི་ངོ་སྤྲོད་གནང་དོན། ༸གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་གསུང་ཆོས་དང་། བཀའ་སློབ། བཀའ་རྩོམ། གསུང་འཕྲིན། བཀའ་ཡིག །སྐུ་པར། གཟེངས་རྟགས་སོགས་ཉར་ཚགས་དང་བདག་གཅེས་སྲུང་སྐྱོབ་སླད། ཆེད་དུ་འཆར་འགོད་འཛུགས་སྐྲུན་བྱས་པ་ཞིག་ཡིན། འདི་ནི་དོན་གཉེར་ཅན་རྣམས་ལ་གང་གི་མཛད་འཕྲིན་སྐོར་ཞིབ་འཇུག་གི་རྒྱུ་ཆ་མཁོ་སྤྲོད་གནང་ས་དང་། མི་རབས་རྗེས་མ་རྣམས་ཀྱིས་སློབ་གཉེར་བྱ་ཆོག་པའི་ལྟེ་གནས་ཁང་ཞིག་ཡིན་པར་མ་ཟད། ལྷག་པར་གང་གིས་ང་ཚོ་དང་མ་འོངས་པའི་མི་རབས་རྣམས་ལ་གནང་བའི་རྩ་ཆེ་བའི་ཤེས་རབ་ཀྱི་མཛད་རྗེས་ཡོངས་རྫོགས་དེང་དུས་ཚན་རིག་དང་མཐུན་པའི་ལམ་ནས་ཉར་ཚགས་དང་སྲུང་སྐྱོབ་ཁྱབ་སྤེལ་བཅས་བྱ་སའི་མཛོད་ཁང་ཡང་ཡིན། ཞེས་གསུངས་སོང་།

དེའི་རྗེས། སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཤར་མཱ་མཆོག་གིས་གསུང་དོན། ༸གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་འདི་ཉིད་ནི། རྡ་རམ་ས་ལ་དང་། ཧི་མ་ཅལ། རྒྱ་གར་བ་ལ་གལ་ཆེན་པོ་ཡིན་པ་མ་ཟད། རྒྱ་གར་དུ་ཕེབས་མཁན་སུ་འདྲ་ཞིག་ཡིན་ནའང་ཏན་ཏན་འདིར་ཕེབས་ནས་༸གོང་ས་མཆོག་གི་མཛད་རྗེས་ལ་རྒྱུས་ལོན་བྱེད་ངེས་རེད། སྔོན་ཆད་ཡིན་ན། རྡ་རམ་ས་ལ་ནི་ས་ཁུག་རི་ཁུག་ཅིག་ཡིན་ལ་ཤེས་མཁན་ཤིན་ཏུ་ཉུང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འདིར་ཕེབས་པ་ནས་བཟུང་། རྡ་རམ་ས་ལ་ཁོང་གི་བཞུགས་གནས་སུ་གྱུར་པ་དང་། འཛམ་གླིང་གིས་རྡ་རམ་ས་ངོ་ཤེས་ཆགས་ཡོད། ཅེས་གསུངས་སོང་།

དེ་ནས། བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས། ༸གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་འདི་ནི། མགོན་པོ་གང་ཉིད་ཀྱི་ཐུགས་དགོངས་ལྟར་ཡིག་ཚགས་སོགས་བདག་གཉེར་གཅེས་སྐྱོང་བྱེད་ས་ཞིག་ཡིན་པ་ལས་འགྲེམས་སྟོན་ཁང་མིན་པས། དཔེ་མཛོད་དང་ཡིག་ཚགས་ཁང་འདི་ཉིད་མི་མང་ལ་སྒོ་ཕྱེ་དགོས་པའི་ལས་འགན་མེད་ནའང་། བར་ལམ་ནས་མང་ཚོགས་ཀྱི་ནང་ནས་དད་འདུན་གྱི་སྒོ་ནས་མགོན་པོ་མཆོག་གི་མཛད་རྗེས་ལ་མཇལ་ཁ་ཞུ་འདོད་ཡོད་པ་དེ་འདྲ་བྱུང་ཡོད་པ་དང་། མང་ཚོགས་ལ་མཇལ་ཁ་ཞུ་རྒྱུའི་གོ་སྐབས་ཤིག་མེད་ན་མ་འོས་པ་ཞིག་ཏུ་དྲན་ནས། དེ་རིང་དཔེ་མཛོད་དང་ཡིག་ཚགས་ཁང་འདི་ཉིད་ཀྱི་གཟེངས་རྟགས་སྒྲིག་གཤོམ་ཁང་རྒྱ་ཆེའི་མི་མང་ལ་དུས་སྐབས་སོ་སོར་མཇལ་ཁའི་གོ་སྐབས་བསྐྲུན་རྒྱུའི་ལས་གཞི་དབུ་འབྱེད་བྱས་པ་ཞིག་ཡིན། ཞེས་ལས་གཞི་འདི་དབུ་འབྱེད་ཀྱི་དགོས་པ་རྒྱུ་མཚན་གསུངས་སོང་།

ཡང་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས། སྤྱི་སྒེར་གང་རུང་གི་ལག་ཏུ་ཡི་གེ་དང་། སྐུ་པར། དངོས་རྫས། མདོར་ན། ༸གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་གང་ཞིག་ཡིག་ཚགས་སུ་ཉར་ཡོད་པ་དེ་འདྲ་ཡོད་ན། དེ་ངོ་མའམ་འདྲ་བཤུས་དཔེ་མཛོད་དང་ཡིག་ཚགས་འདི་ལ་གནང་ན་སྤྱི་སྒེར་གཉིས་ལ་ཕན་ཐོགས་ཆེ་ཚུལ་ཡང་གསུངས་སོང་།

གཞན་ཡང་། ྋགོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་ནས་མང་ཚོགས་རྣམས་གཟེངས་རྟགས་སྒྲིག་གཤོམ་ཁང་ལ་ཇི་ལྟར་མཇལ་ཁ་ཕེབས་ཚུལ་དང་འབྲེལ་བའི་གསལ་བསྒྲགས་དོན་ཚན་ལྔ་ཅན་ཞིག་ཡོད་པ་གཤམ་གསལ་རེད།

༡༽ བདུན་རེའི་རེས་གཟའ་ཟླ་བ་དང་གཞུང་འབྲེལ་གུང་གསེང་ཁག་ཕུད། གཞན་རེས་གཟའ་མིག་དམར་ནས་སྤེན་པ་བར་མཇལ་བཅར་དུ་གཏོང་རྒྱུ།
༢༽ ཉིན་རེའི་སྔ་དྲོའི་ཆུ་ཚོད་༡༠།༠༠ ནས་༡༡།༠༠ བར་ཆུ་ཚོད་གཅིག་རིང་མི་གྲངས་ ༥༠ དང་ཕྱི་དྲོའི་ཆུ་ཚོད་༣།༠༠ ནས་༤།༠༠ བར་ཆུ་ཚོད་གཅིག་རིང་མི་གྲངས་༥༠ བཅས་ཉིན་རེར་ཁྱོན་མི་གྲངས་༡༠༠ ཐམ་པ་རེ་མཇལ་བཅར་དུ་གཏོང་རྒྱུ། ༣༽ མཇལ་བཅར་དུ་མ་ཕེབས་སྔོན་དཔེ་མཛོད་དང་ཡིག་ཚགས་ཁང་གི་སྒོ་ཆེན་འགྲམ་དུ་ཐོ་འགོད་ངེས་པར་གནང་དགོས་པ་དང། སོ་སོའི་ངོས་འཛིན་ལག་འཁྱེར་ཡང་མཉམ་འཁྱེར་དགོས་པ་ཡིན། ཉིན་རེའི་མཇལ་བཅར་བའི་གྲངས་ཚད་ལོན་མཚམས་ཐོ་འགོད་མཚམས་འཇོག་གིས་ཕྱི་ཉིན་དེ་ལྟར་བྱ་རྒྱུ། ༤༽ གཟེངས་རྟགས་སྒྲིག་གཤོམ་ཁང་དུ་ལག་ཐོགས་ཁ་པར་དང་པར་ཆས། ལྟོ་ཕད་སོགས་མཉམ་འཁྱེར་མི་ཆོག་པས། སྒོ་འགྲམ་དུ་བཅོལ་འཇོག་བྱ་རྒྱུ། ༥༽ གོང་གསལ་མཇལ་བཅར་བའི་མི་གྲངས་ཚད་གཞི་དང་མཇལ་བཅར་གྱི་དུས་ཚོད་ལ་འགྱུར་བ་སོང་ཚེ། སྐབས་དུས་སོ་སོར་གསལ་བསྒྲགས་ཡོང་རྒྱུ། བཅས་དོན་ཚན་ལྔ་སྤེལ་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།