28
Sun, Apr

ཕྱི་ལོ་༢༠༢༣ ཟླ་༡༢ ཚེས་༩ ཉིན། བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་གནས་སྟངས་སྐོར་གྱི་སྙན་ཐོ་གསར་པ་འགག་འཕྲང་དུ་ལུས་པའི་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་ཞེས་པའི་སྙན་ཐོ་ཞིག་བཏོན་གནང་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ཟླ་༡༢ ཚེས་༩ ཉིན། བཞུགས་སྒར་རྡ་ས་ནོར་བུ་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་ལྷོ་ཀོ་རི་ཡ་ལ་རྟེན་གཞི་བྱས་པའི་ཨེ་ཤེ་ཡའི་ཆེ་མཐོང་སྲུང་སྐྱོབ་ཚོགས་པ་གཉིས་མཉམ་འབྲེལ་གྱིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་གནས་སྟངས་སྐོར་གྱི་སྙན་ཐོ་གསར་པ་འགག་འཕྲང་དུ་ལུས་པའི་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་ཞེས་པའི་སྙན་ཐོ་ཞིག་བཏོན་གནང་སོང་། དེའི་ནང་དུ་རྒྱ་གཞུང་གིས་བལ་ཡུལ་ལ་གནོན་ཤུགས་སྤྲད་ནས་བོད་མི་རྣམས་ལ་འགྲོ་འདུག་བསྐྱོད་གསུམ་དང་ཆོས་དད་རང་དབང་ཐད་ལ་བཀག་སྡོམ་ཤུགས་ཆེན་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་འདུག

དེ་ཡང་། བོད་མི་གཙོས་མི་གྲངས་༤༠་ལྷག་ལ་བཅའ་འདྲི་བྱས་ནས་གྲུབ་པའི་སྙན་ཐོ་དེའི་ནང་དོན་གཙོ་བོ་ནི། བལ་ཡུལ་གཞུང་ལ་སྐྱབས་བཅོལ་གྱི་སྲིད་བྱུས་མེད་པ་དང་། བོད་མི་རྣམས་ལ་སློབ་སྦྱོང་དང་ལས་ཀ་བྱེད་པའི་ཐོབ་ཐང་དབེན་པ། གཞན་ཡང་། ཉེ་བའི་ལོ་ཤས་རིང་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་བལ་ཡུལ་ནང་དུ་བོད་མི་རྣམས་ལ་ཆོས་དད་རང་དབང་དང་། འདུ་འཛོམས་རང་དབང་། འགྲོ་བསྐྱོད་རང་དབང་མེད་པ། མཐའ་ན་བོད་མི་འཛིན་བཟུང་བཀག་ཉར་བྱེད་ཀྱི་ཡོད་སྐོར་ཡིན་འདུག སྙན་ཐོ་དེ་རྗེས་སུ་མཉམ་འབྲེལ་རྒྱལ་ཚོགས་སུ་འབུལ་རྒྱུ་ཡིན་སྐོར་བརྗོད་སོང་།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་ལྷོ་ཀོ་རི་ཡར་རྟེན་གཞི་བྱས་པའི་ཨེ་ཤི་ཡའི་ཆེ་མཐོང་སྲུང་སྐྱོབ་ཚོགས་པ་ Asian Dignity Initiative (ADl) གཉིས་མཉམ་འབྲེལ་གྱིས་བཏོན་པའི་ཆེད་དོན་སྙན་ཐོ་གསར་པ་འགག་འཕྲང་དུ་ལུས་པའི་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་ཞེས་པའི་སྙན་ཐོ་འདི་ཡིས་སྔོན་ཆད་བོད་མི་སྐྱབས་བཅོལ་བ་རྣམས་ལ་བདེ་འཇགས་ཀྱི་གནས་མལ་བསྐྲུན་མཁན་གྱི་ས་ཆ་དེ་ནི་ད་ལྟའི་ཆར་བོད་མི་རྣམས་ཀྱིས་ཆོས་ལུགས་དད་མོས་རང་དབང་དང༌། རིག་གཞུང་གཅེས་འཛིན་གྱི་རང་དབང༌། སྨྲ་བརྗོད་རང་དབང་སོགས་ལོངས་སུ་སྤྱོད་པར་འགོག་རྐྱེན་དང་ཉེན་ཁ་ཆེན་པོ་སྤྲོད་སའི་ས་ཁུལ་ཞིག་ཏུ་གྱུར་དང་འགྱུར་མུས་ཡིན་པ་གསལ་འདུག

སྙན་ཐོ་འདིའི་ནང་དུ་བཅར་འདྲི་བྱ་སའི་བོད་མི་སྐྱབས་བཅོལ་བ་མང་པོས་ཁོང་ཅག་གི་གནས་བབ་ནི་འགག་འཕྲང་ཞིག་ཏུ་ལུས་པ་ལྟ་བུར་ངེས་གཏན་མེད་པ་དང་། འགྲོ་བ་མིའི་ཐོབ་ཐང་མང་དག་ཅིག་རག་གི་མེད་པ་མ་ཟད། བོད་མི་མང་པོ་ཞིག་ལ་བལ་གཞུང་ནས་ཡིག་ཆ་གང་ཡང་སྤྲད་མེད་པར་བརྟེན་དེ་བས་ཀྱང་ཐོབ་ཐང་དོ་ཕོག་གི་གནས་ཚུལ་མང་པོ་འབྱུང་བཞིན་པ་འགྲེལ་བརྗོད་གནང་བྱུང་། སྐྱབས་བཅོལ་བའི་ཡིག་ཆ་ཡོད་མཁན་གྱི་བོད་མི་ཚོ་ལའང་ཐོབ་ཐང་ཉུང་ཤོས་ཤིག་ལས་རག་གི་མེད། རྒྱུ་མཚན་ནི་སྐྱབས་བཅོལ་ཡིག་ཆས་ཁོང་ཅག་བལ་ཡུལ་དུ་གནས་སྡོད་བྱེད་པ་ངོས་འཛིན་བྱེད་པ་ཙམ་ལས་ལྷག་གི་ཐོབ་ཐང་དམིགས་བསལ་གང་ལའང་ཁག་ཐེག་བྱས་མེད། བལ་ཡུལ་ནང་གི་བོད་མི་ཚོ་རྒྱལ་ཁབ་གཞན་གྱིས་སྐྱབས་བཅོལ་དུ་ ལེན་ཐབས་བྱེད་སྐབས་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་བལ་གཞུང་གིས་བོད་མི་ཚོར་ཕྱིར་སྐྱོད་ཆོག་མཆན་མི་སྤྲོད་པའི་གནས་ཚུལ་འབྱུང་བཞིན་འདུག

གཞན་ཡང་། སྙན་ཐོ་དང་འབྲེལ་བའི་ནང་དུ་གསར་འགོད་གསལ་བསྒྲགས་ནང་དུ། ཕྱི་ལོ་༢༠༡༥ ལོར་རྒྱ་གར་དང་བལ་ཡུལ་དབར་ས་མཚམས་བཀག་བསྡོམས་བྱས་པ་དེ་དང་། ཕྱི་ལོ་༢༠༡༧ ལོ་ནས་བལ་གཞུང་གིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་ལ་མཉམ་ཞུགས་བྱས་པ་སོགས་ས་བབ་སྲིད་དོན་གྱི་ཆ་ནས་རྒྱ་ནག་གི་འདོད་མོས་དང་བསྟུན་དྲག་ཆེ་བ་སོགས་ཀྱི་རྐྱེན་པས་ཁུལ་དེའི་བོད་མི་སྐྱབས་བཅོལ་བའི་སྤྱི་ཚོགས་ཀྱི་ཐོབ་ཐང་ཁག་ལ་ལྷག་ཏུ་ཚད་བཀག་ཇེ་མང་དུ་སོང་འདུག རྒྱ་ནག་དང་བལ་ཡུལ་དབར་གྱི་ཕྱོགས་གཉིས་ཚོང་དོན་གན་རྒྱ་དེ་དག་གིས་བལ་གཞུང་གི་ངོས་ནས་"རྒྱ་ནག་གཅིག་གི་སྲིད་ཇུས་"ལ་ངོས་འཛིན་དགོས་པའི་དགོས་འདུན་བཏོན་པར་བརྟེན། ས་ཁུལ་དེའི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་སྤྱི་དམངས་དང་ཆབ་སྲིད་ཀྱི་ཐོབ་ཐང་ལ་དོ་ཕོག་ཆེས་ཆེར་བཏང་དང་གཏོང་མུས་ཡིན་པ་རེད་འདུག བལ་གཞུང་གིས་དེང་གི་ཆར་"རྒྱ་ནག་གཅིག་གི་སྲིད་ཇུས་"ལ་རྒྱབ་སྐྱོར་བྱེད་པའི་མིང་ཐོག་ནས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཏང་སྤྱི་དང་མཐའ་ན་ལོ་གསར་དང་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་བྱེད་རིགས་སོགས་རིག་གཞུང་གི་བྱེད་སྒོ་ཁག་ལའང་བཀག་སྡོམ་བྱེད་བཞིན་འདུག ཅེས་བཀོད་འདུག

གནད་དོན་དེའི་ཐད་ཨེ་ཤི་ཡའི་ཆེ་མཐོང་སྲུང་སྐྱོབ་ཚོགས་པ་ཡི་འཛིན་སྐྱོང་འགན་འཛིན་ཀི་ནམ་ཀིམ་ལགས་ཀྱིས་བལ་ཡུལ་གཞུང་གིས་ཁུལ་དེའི་སྐྱབས་བཅོལ་བོད་མི་ཡོངས་ལ་སྐྱབས་བཅོལ་ངོས་འཛིན་ཡིག་ཆ་སྤྲད་དེ་ཆེ་མཐོང་དང་རང་དབང་ལྡན་པའི་འཚོ་བ་སྐྱེལ་རྒྱུའི་ཐོབ་ཐང་འགན་སྲུང་བྱ་དགོས། སྤྱིར་བལ་ཡུལ་ནི་རྒྱལ་སྤྱིའི་སྐྱབས་བཅོལ་བའི་སྤྱི་ཆིངས་ཀྱི་ཆིངས་གནས་རྒྱབ་ཁབ་ཅིག་མིན་ན་ཡང༌། བལ་ཡུལ་ནི་རྒྱལ་སྤྱིའི་སྤྱི་ཆིངས་དགུའི་ནང་ནས་བདུན་གྱི་ཆིངས་གནས་རྒྱལ་ཁབ་ཡིན་པ་མ་ཟད། ཕྱི་ལོ་༡༩༩༠ ལོའི་བལ་ཡུལ་གན་ཆིངས་(Nepal Treaty) ནང་དུ་རྒྱལ་སྤྱིའི་ཁྲིམས་ལ་རྒྱལ་ཁོངས་ཀྱི་ཁྲིམས་དང་གཅིག་མཚུངས་ཀྱི་ནུས་པ་ཡོད་ཅེས་བཀོད་ཡོད་པར་བརྩི་སྲུང་ནན་པོ་བྱ་དགོས། ཞེས་བརྗོད་སོང་།

འཛིན་སྐྱོང་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས་བལ་ཡུལ་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཆིངས་ཁག་གིས་བསྐུལ་བའི་འོས་འགན་བསྒྲུབ་རྒྱུ་དང་། བལ་ཡུལ་རང་གི་རང་བཙན་གྱི་གནས་བབ་སྲུང་སྐྱོབ་ཡོང་ཐབས་སུ་རྒྱ་ནག་གི་གནོན་ཤུགས་ལ་གདོང་ལེན་བྱས་ཏེ་ཁུལ་དེའི་སྐྱབས་བཅོལ་བོད་མི་རྣམས་ཀྱི་ཐོབ་ཐང་དོ་ཕོག་གཏོང་བྱེད་ཀྱི་སྲིད་ཇུས་དང་གན་རྒྱ་ཁག་ལ་བསྐྱར་ཞིབ་དང་བསྐྱར་བཅོས་བྱེད་དགོས། བལ་ཡུལ་ས་ཁུལ་གྱི་སྐྱབས་བཅོལ་བོད་མི་རྣམས་ལ་རྒྱ་གཞུང་གི་ངན་སྐུལ་དང་ཤུགས་རྐྱེན་འོག་སྔར་ལྷག་དོ་དམ་དང་ཚོད་འཛིན་བྱེད་བཞིན་པ་དེ་དག་ནི་ཤིན་ཏུ་བློ་འཚབ་སྐྱེ་འོས་པའི་གནས་སུ་གྱུར་ཡོད། ཅེས་བརྗོད་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།