28
Sun, Apr

ཕྱི་ལོ་༢༠༢༣ ཟླ ༡༡ ཚེས་༡༥ ཉིནྲ ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་དུ། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག མཐོ་སློབ་དེར་གའི་སློབ་སྤྱི་དང་དགེ་རྒན། སློབ་མ། རྣམས་ཀྱིས་རྒྱལ་སྤྱིའི་རྩོམ་པ་པོ་ཉིན་མོ་སྲུང་བརྩི་ཞུས་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ཟླ ༡༡ ཚེས ༡༥ ཉིན། བོད་ཀྱི་པེན་རྩོམ་པ་པོ་མཐུན་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ལོ་༢༠༢༣་ལོའི་རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི་གནང་སོང་། འདི་ལོར་རྒྱལ་སྤྱིའི་བཙོན་འོག་གི་ཚབ་མཚོན་རྩོམ་པ་པོ་བཞི་མིང་བཏོན་ཡོད་པ་ནང་ནས་བོད་ཀྱི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་དེའི་ནང་དུ་ཚུད་ཡོད་འདུག གཞན་ཡང་། བོད་ཀྱི་པེན་རྩོམ་པ་པོ་མཐུན་ཚོགས་པ་ངོས་ནས་ཕྱི་ལོ་༢༠༢༣ ལོའི་བོད་ཀྱི་བཙོན་འོག་གི་ཚབ་མཚོན་རྩོམ་པ་པོ་བཞི་མིང་བཏོན་ཡོད་པ་རྣམས་ནི། བོད་ཀྱི་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་ལགས། བོད་ཀྱི་རྩོམ་པ་པོ་ཟངས་དཀར་འཇམ་དབྱངས་ལགས། བོད་ཀྱི་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས། བོད་ཀྱི་རྩོམ་པ་པོ་རྣམ་སྲས་བཅས་ཡིན་འདུག

དེ་ཡང་། གོང་ཚེས་ཉིན་གྱི་ཉིན་དགུང་༢ པའི་ཐོག བཞུགས་སྒར་རྡ་ས་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་དུ། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག མཐོ་སློབ་དེར་གའི་སློབ་སྤྱི་དང་དགེ་རྒན། སློབ་མ། རྣམས་ཀྱིས་རྒྱལ་སྤྱིའི་རྩོམ་པ་པོ་ཉིན་མོ་སྲུང་བརྩི་ཞུས་སོང་།

ཐོག་མར། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་ཟུར་པ་སྣང་སྨིན་མཛེས་ལགས་ཀྱིས་ཉིན་མོ་འདི་སྲུང་རྩིས་ཞུ་རྒྱུ་གལ་ཆེན་ཡིན་པ་མ་ཟད། བོད་ཀྱི་རྩོམ་པ་པོ་གནས་སྟངས་ལ་དོ་ཁུར་བྱེད་རྒྱུ་ཡང་གལ་ཆེན་ཡིན་སྐོར་བརྗོད་སོང་།

དེ་ན་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་དང་ས་རཱ་མཐོ་སློབ་ཀྱི་སློབ་དཔོན་ཡེ་ཤེས་བསམ་གཏན་ལགས་ཀྱིས་རྒྱལ་སྤྱིའི་པེན་རྩོམ་པ་པོ་མཐུན་ཚོགས་དང་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས། རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོ་ཉིན་མོའི་བྱུང་རིམ་སྐོར་ངོ་སྤྲོད་གནང་སྐབས། རྒྱལ་སྤྱིའི་རྩོམ་པོ་པོའི་མཐུན་ཚོགས་ཀྱིས་རྒྱལ་ཁབ་ཁག་གི་བཙོན་ཁང་དུ་ཡོད་པའི་རྩོམ་པ་པོ་རྣམས་ཀློད་གྲོལ་ཡོང་ཐབས་འབད་བརྩོན་གནང་ནས་ལས་འགུལ་སྤེལ་གྱི་ཡོད་པ་དང་། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་རྒྱ་གཞུང་གི་མནར་གཅོད་འོག་ཏུ་ཡོད་པའི་བོད་ཀྱི་རྩོམ་པ་པོ་རྣམས་ལ་ཞིབ་འཇུག་བྱས་ཏེ། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་སུ་སྙན་ཐོ་འབུལ་བཞིན་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་།

དེ་ནས་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱུན་ལས་དང་ས་རཱ་མཐོ་སློབ་ཀྱི་སློབ་དཔོན་རྡོ་རྗེ་ཚེ་རིང་ལགས་ཀྱིས་ཕྱི་ལོ་༢༠༢༣ ལོའི་རྒྱལ་སྤྱིའི་པེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་ངོས་འཛིན་གནང་བའི་བཙོན་འོག་གི་ཚབ་མཚོན་རྩོམ་པ་པོ་རྣམས་ངོ་སྤྲོད་གནང་དོན། འདི་ལོའི་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཡུ་ཁུ་རིན་གྱི་མི་མང་གི་གསར་འགོད་པ་ཨི་རེ་ནཱ-ཌན་ལོ་ཝ་ཆེ(Iryna Danylovych) ལགས་དང་། བོད་ནང་གི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས། མོ་རོ་ཁོའི་གསར་འགོད་པ་སུའུ་ལའེ་མན-རེ་སི་སོ་ནེ(Soulaiman Raissouni)ལགས། ཁུ་བྷའི་སྙན་ངག་པ་དང་ལས་འགུལ་བ་མཱ་རེ་ཡ་-ཁི་རིར་ཊི་ན(Maria Cristina Garrido Rodriguez) བཅས་འདི་ལོའི་རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཚབ་མཚོན་དུ་མིང་འདོན་གནང་ཡོད་ཅེས་དང་། བོད་ཀྱི་རྩོམ་པ་པོ་ཞིག་རྒྱལ་སྤྱིའི་ཐོག་ནས་ངོས་འཛིན་གནང་བ་ཐོག་མར་རེད། ཅེས་བརྗོད་སོང་།

མཐའ་མར། བོད་མི་མང་སྤྱི་འཐུས་དང་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱུན་ལས་ཟུར་པ་པདྨ་མཚོ་ལགས་ཀྱིས་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་པ་ངོས་ནས་ཕྱི་ལོ་༢༠༢༣ ལོའི་བོད་ཀྱི་བཙོན་འོག་གི་ཚབ་མཚོན་རྩོམ་པ་པོ་བཞི་མིང་བཏོན་ཡོད་པ་རྣམས་ཀྱི་ལོ་རྒྱུས་མདོར་བསྡུས་ངོ་སྤྲོད་གནང་སོང་། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་པ་ངོས་ནས་ཕྱི་ལོ་༢༠༢༣ ལོའི་བོད་ཀྱི་བཙོན་འོག་གི་ཚབ་མཚོན་རྩོམ་པ་པོ་བཞི་མིང་བཏོན་ཡོད་པ་རྣམས་ནི། བོད་ཀྱི་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་ལགས། བོད་ཀྱི་རྩོམ་པ་པོ་ཟངས་དཀར་འཇམ་དབྱངས་ལགས། བོད་ཀྱི་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས། བོད་ཀྱི་རྩོམ་པ་པོ་རྣམ་སྲས་ཡིན་སྐོར་བརྗོད་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།