28
Sun, Apr

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ཟླ་༧ ཚེས་༡༢ ཉིན། བཞུགས་སྒར་རྡ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་གོ་སྒྲིག་འོག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་གཞུང་གི་བཙོན་ཁང་དུ་འདས་གྲོངས་ཕྱིན་ནས་མི་ལོ་བརྒྱད་འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ། འདི་ལོའི་“སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་”དེ། བོད་ནང་གི་ཚོང་པ་གྲགས་ཅན་དང་སྤྱི་ཚོགས་ཞབས་ཞུ་པ་རྡོ་རྗེ་བཀྲ་ཤིས་ལགས་དང་ཁོང་གི་གཅེན་མོ་མགོན་པོ་སྐྱིད་གཉིས་ལ་ཕུལ་ཡོད་འདུག

དེ་ཡང་། དུས་དྲན་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་དངོས་སློབ་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས། བོད་གནས་ལྟ་ཞིབ་ཁང་གི་འགན་འཛིན་བན་ཏེ་སྐྱབས་ལགས་སེར་སྐྱ་མི་མང་བཅས་མཉམ་ཞུགས་གནང་འདུག

ཐོག་མར། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་བློ་བཟང་དབྱངས་མཚོ་ལགས་ཀྱིས་བརྗོད་དོན། ཉེ་སྔོན་རྒྱ་དམར་གཞུང་གིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ནས། ད་ལྟའི་ཆར་བཙོན་ཁང་ནང་དུ་གཟུགས་གཞིའི་གནས་སྟངས་ཛ་དྲག་སྒང་ལྷག་བསྡད་ཡོད་པའི་བོད་ནང་གི་གྲགས་ཆེ་བའི་མགྲོན་ཁང་ཁག་ཁ་ཤས་ཀྱི་སྦྱིན་བདག་དང་ཁེ་ལས་ཚོང་གཉེར་ཁང་གསར་འཛུགས་བྱེད་མཁན་སོགས་ཡིན་མཁན་ཚོང་པ་གྲགས་ཅན་རྡོ་རྗེ་བཀྲ་ཤིས་ལགས་དང་ཁོང་གི་གཅེན་མོ་མགོན་པོ་སྐྱིད་ལགས་ལ། འདི་ལོའི་”སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་” ཕུལ་ཡོད་པ་རེད། དེ་ཡང་ཆེ་བསྟོད་གཟེངས་རྟགས་འདི་ཁོང་གཉིས་ལ་ཕུལ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་བོད་དང་བོད་མི་ཚོར་རང་ནུས་གང་ཡོད་ཀྱིས་སྤྱི་ཚོགས་ཞབས་ཞུ་བསྒྲུབས་པའི་ཆོད་སེམས་དང་། མགོན་པོ་སྐྱིད་ལགས་ནས་རང་གི་གཅུང་པོ་རྡོ་རྗེ་བཀྲ་ཤིས་ལ་དྲང་བདེན་ཐོབ་རྒྱུར་རྒྱ་དམར་གཞུང་གི་བཀག་རྒྱ་ལ་མ་འཛེམས་པར་མུ་མཐུད་འཚེ་མེད་ཞི་བའི་ལས་འགུལ་སྤེལ་བཞིན་པའི་སྙིང་སྟོབས་གཉིས་ལ་རྗེས་སུ་ཡི་རངས་དང་ཆེ་བསྟོད་མཚོན་ཆེད་དུ་ཡིན་པ་རེད།

དེ་ཡང་རྡོ་རྗེ་བཀྲ་ཤིས་ལགས་ལ། རྒྱ་གཞུང་གིས་༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོར་མཉམ་ཞུགས་བྱེད་མཁན་རྣམས་ཁོང་གིས་མགྲོན་ཁང་དུ་ཉར་ཡོད་པ་དང་། བཙན་བྱོལ་གྱི་སྒྲིག་འཛུགས་ཁག་ལ་མ་དངུལ་གྱི་རོགས་སྐྱོར་བྱས་ཡོད་པའི་ཉེས་མིང་འོག་ཕྱི་ལོ་༢༠༠༨ ཟླ་ ༧ ཚེས་ ༡༠ ཉིན་བཙོན་འཇུག་བཀག་ཉར་བྱས་རྗེས། མཐར་རྒྱ་ནག་གཞུང་ནས་ཁོང་གིས་“བུ་ལོན་གཡོ་ལེན་”བྱས་ཡོད་པར་བསྟད་ནས་ ༢༠༡༠ ལོར་གསང་བའི་ཁྲིམས་བཤེར་བརྒྱུད་ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད།

ཕྱི་ལོ་༢༠༢༡ ལོར། རྡོ་རྗེ་བཀྲ་ཤིས་ལགས་ཁོང་སྒེར་ནས་སྤེལ་བའི་བསྒྲགས་གཏམ་ཞིག་གི་ནང་། ཁོང་རྒྱ་གཞུང་གིས་སྔོན་འགྲོའི་བཀག་ཉར་དང་ལོ་མང་རིང་བཙོན་འཇུག་བྱེད་སྐབས། མི་སྤྱོད་ལས་འདས་པའི་སྡུག་སྦྱོང་གནར་གཅོད་བྱས་རྐྱེན། ད་ལྟའི་ཆར་ཁོང་གི་གཟུགས་གཞིའི་ གནས་སྟངས་ཛ་དྲག་སྒང་ཡོད་པ་བརྗོད་ཡོད་པ་དང་། འདས་པའི་ལོ་བཅུ་ཙམ་གྱི་རིང་རྒྱ་ནག་གཞུང་གི་ཁྲིམས་སྒྲིག་གཞིར་བཞག་ཐོག་དྲང་ བདེན་འཐོབ་རྒྱུའི་ཞུ་གཏུག་བསྟུད་མར་བྱས་ཡོད་ཀྱང་། དེར་གྲུབ་འབྲུས་མ་བྱུང་པས་རྐྱེན་གྱིས། མཐར་རྡོ་རྗེ་བཀྲ་ཤིས་ཀྱི་ནང་མི་རྣམས་ནས་ དེ་ཡང་ཁོང་གི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་ནས་ ཁོང་གློད་གྲོལ་འཐོབ་རྒྱུར་རྒྱ་ཁྱབ་རང་བཞིན་ལྡན་པའི་ལས་འགུལ་སྤེལ་འགོ་བཙུགས་ཡོད། རང་གི་གཅུང་པོའི་གནས་སྟངས་དང་འབྲེལ་བའི་ཐོག་ནས། ཡོངས་གྲགས་ཞུ་ཡིག་བརྒྱུད་ཞུ་འབོད་ཐེངས་མང་བྱས་ཡོད་པ་དང་དྲ་ཐོག་བརྒྱུད་འབྲེལ་ཡོད་རྒྱ་གཞུང་དབང་འཛིན་པ་ཚོར་“ད་ལྟའི་ཆར་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཟུགས་གཞིའི་གནས་སྟངས་ཛ་དྲག་སྒང་ཡོད་དུས། ཁོང་གི་གཟུགས་གཞིའི་བདེ་ཐང་ལ་རྟོག་ཞིབ་དང་དགོས་ངེས་ཀྱི་སྨན་བཅོས་མཐུན་རྐྱེན་སྦྱོར་དགོས་པའི་”ཞུ་འབོད་བྱས་ཡོད་པ་རེད།

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ནས་ཀྱང་རང་གི་གཅུང་པོར་དྲང་བདེན་ཐོག་གང་མགྱོགས་གློད་གྲོལ་ཡོང་བར་ཞུ་གཏུག་གི་ལས་འགུལ་རིམ་པ་མང་པོ་ཞིག་སྤེལ་ཡོད་ཀྱང་། ཁོ་མོའི་འཚེ་མེད་ཞི་བའི་ངོ་རྒོལ་དེར། རྒྱ་གཞུང་མཐོ་རིམ་དབང་འཛིན་པས། དབང་ཤེད་ཀྱིས་བཀག་འགོག་དང་། ཁོ་མོ་བཙོན་འཇུག་བྱས་པའི་བརྒྱུད་རིམ་ནང༌། རྒྱ་གཞུང་ཉེན་རྟོག་པས་ཚུལ་མིན་དྲག་སྤྱོད་དང་། བཙན་ཤེད་ཐོག་འདྲི་རྩད་བྱེད་པ། ཞུ་གཏུག་ལས་འགུལ་མཚམས་འཇོག་བྱས་དགོས་པའི་ཉེན་བརྡ་བཏང་ཡོད་པ་རེད།

ང་ཚོ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་ནས། ལོ་ལྟར་ཟླ་༧ ཚེས་༡༢ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་”ཞེས་པ་ཞིག་འབུལ་སྲོལ་ཡོད་པ་དང་། གཟེངས་རྟགས་འདི་ནི་བོད་ཀྱི་ཆབ་སྲིད་བཙོན་པ་དང་། བོད་མིའི་གཞི་རྩའི་རང་དབང་དང་ཐོབ་ཐང་ལ་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་དང་གོང་མཐོར་གཏོང་མཁན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའམ་རྩོད་ལེན་པ་རྣམས་ལ་འབུལ་གྱི་ཡོད་ལ། གཟེངས་རྟགས་འདི་བརྒྱུད་དེ་ཁོ་ཚེའི་ལས་དོན་རྣམས་ལ་རྒྱལ་སྤྱིའི་ཐོག་ཆེ་མཐོང་དང་དོ་སྣང་། ད་དུང་ཁོ་ཚོའི་ཐོབ་ཐང་དང་བདེ་འཇགས་སོགས་གང་ཅིའི་ཐད་སྲུང་སྐྱོབ་བྱེད་ཐུབ་པའི་ཆེད་དུ་ཡིན། འདི་ལོའི་གཟེངས་རྟགས་འབུལ་བའི་དུས་ཚོད་ནི་ཕྱི་ལོ་༢༠༢༣ ཟླ་༧ པའི་ཚེས་ ༡༢ ཉིན་ཡིན། དེ་ནི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཁོང་རྒྱ་དམར་གཞུང་གི་བཙོན་ཁང་ལ་དུས་མིན་རྐྱེན་འདས་སུ་སོང་ནས་ལོ་བདུན་ཏག་ཏག་འཁོར་བའི་དུས་ཚོད་དེ་ཆགས་ཀྱི་ཡོད། ཅེས་བརྗོད་སོང་།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལགས་ཀྱི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་དྲ་ལམ་བརྒྱུད་ནས་དུས་དྲན་དང་གཟེངས་རྟགས་ཕུལ་བའི་མཛད་སྒོ་དང་འབྲེལ་བའི་ཐོག་ནས་བརྗོད་དོན། ད་བར་རྒྱ་དམར་གཞུང་གི་ཡང་མི་དག་པའི་སྲིད་བྱུས་དག་ལ་སྐྱོན་བརྗོད་བྱེད་མཁན་སུ་འདྲ་ཞིག་ཡིན་རུང༌། གཞུང་ཕྱོགས་ནས་མུ་མཐུད་མངོན་སུམ་འཛེམས་མེད་ཀྱིས་རྔོག་རོལ་གཏོང་ཐབས་ བྱས་ཡོད་ལ། ངའི་ཨ་ཞང་ལྟ་བུར་མཚོན་ན། ང་ཚོས་ཁོང་ལ་སྐབས་འཕྲལ་རིང་སྨན་བཅོས་ཀྱི་ཆེད་དུ་བཙོན་གྲོལ་འཐོབ་རྒྱུར་ཞུ་འབོད་བྱས་ཡོད་ཀྱང༌། མཐར་མི་ལོ་༡༣ རིང་རྒྱ་གཞུང་གིས་དྲང་བདེན་མིན་པའི་བཙོན་འཇུག་བྱས་པས་རྐྱེན་གྱིས་ཁོང་འདས་གྲོངས་སུ་ཕྱིན་པ་རེད། བོད་ནང་ དེང་སང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཚོར་ཆ་འཇོག་གང་ཡང་མེད་པའི་ཐོག་ནས་རྡོག་རོལ་གཏོང་གིན་ཡོད་པའི་གནས་སྟངས་འདི། འཛམ་གླིང་མི་མང་ཚང་མས་གཟིགས་བཞིན་ཡོད་ལ། ངས་འདི་ནས། རྒྱ་ནག་གཞུང་གི་དྲང་བདེན་མིན་པའི་སྲིད་བྱུས་དག་ལ་སྐྱོན་བརྗོད་བྱེད་མཁན་ཚོར་གཞུང་ཕྱོགས་ནས། བཙན་གནོན་སྒོས་འབུར་འཇོམས་བྱེད་ཀྱིན་པའི་བྱེད་སྟངས་དེ་ཚོར་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ཐེར་འདོན་བྱེད་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།

དེའི་རྗེས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་དངོས་སློབ་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་ཀྱིས་བརྗོད་དོན། ང་ཕྱི་ལོ་༡༩༩༦་ལོར། རྒྱ་གཞུང་གིས་ང་ལ་མ་ཉེས་ཁ་གཡོག་བྱས་ནས་འཛིན་བཟུང་བྱས་ཏེ། བཙོན་ཁང་དུ་གློག་སོགས་བཙུགས་ནས་ཉེས་རྡུང་འདྲ་མིན་བཏང་ནས་དཀའ་སྡུག་ཚད་མེད་མྱངས་སོང་། མཐའ་ན་རང་སྲོག་གཅོད་རྒྱུའི་གོ་སྐབས་བྱུང་ན་གཅོད་རྒྱུའི་ཚད་ལ་སླེབས་སོང་། ཁོ་ཚོས་ང་ལ་ཉེས་རྡུང་བཏང་ནས་འདྲི་རྩད་ག་ཚོད་བྱས་ཀྱང་ངས་གང་ཡང་མ་བཤད་ཙང་། རྒྱ་མིའི་ཉེན་རྟོག་པས་ང་ལ་ཉེས་འཛུགས་བྱེད་རྒྱུ་གང་ཡང་མ་རག་པར་གློད་གྲོལ་བཏང་སོང་། དེ་ནས་ཡང་བསྐྱར་འཛིན་བཟུང་བྱེད་གྲབས་བྱེད་སྐབས། ང་རི་མགོར་བྲོས་ཕྱིན་པ་ཡིན། ལོ་གཅིག་གི་རིང་རི་མགོར་རི་དྭགས་བཞིན་འཚོ་བ་བསྐྱལ་ནས་བསྡད་པ་ཡིན། དེ་ནས་རིན་པོ་ཆེ་དང་ངེད་གཉིས་ཀྱིས་གྲོས་བསྡུས་བྱས་རྗེས། ཁོང་གིས་ང་རྒྱ་གར་ལ་ཕྱིན་ན་ཡག་ས་རེད་གསུངས་ནས་ང་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་བ་ཡིན། ཕྱི་ལོ་༡༩༩༨་ལོར་རྒྱ་གར་ལ་མ་ཐོན་བར་དུ་རིན་པོ་ཆེར་ཞབས་ཞུ་བྱས་ནས་བསྡད། དེ་ཡང་བླ་མ་རིན་པོ་ཆེ་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་། ཁོར་ཡུག་གཅེས་སྐྱོང་། སྐད་ཡིག་སྲུང་སྐྱོབ་བཅས་ཀྱི་ཕྱག་ལས་གང་གནང་བ་རྣམས་ལ་རྒྱབ་སྐྱོར་དང་ཞབས་འདེགས་ཞུས་ཡོད། ཅེས་ངོ་སྤྲོད་མདོ་བསྡུས་ཤིག་གནང་སོང་།

དེ་ནས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་ཆོབ་སྲིད་བཙོན་པ་རྡོ་རྗེ་བཀྲ་ཤིས་ལགས་དང་ཁོང་གི་གཅེན་མོ་མགོན་པོ་སྐྱིད་ལགས་ཐེ་བའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀྱི་སྙིང་སྟོབས་དང་ལྷག་བསམ་ལ་བསྔགས་བརྗོད་ཞུས་པ་དང་འབྲེལ། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱེད་སྟངས་དེ་ཨིན་ཇིའི་རྩོམ་པ་པོ་ཇོར་ཇི་ཨོལ་ཝལ་གྱིས་བྲིས་པའི་བརྩམས་སྒྲུང་ ༡༩༨༤ ཞེས་པའི་ནང་དོན་དང་ཧ་ཅང་མཚུངས་ཤིང་། རྒྱ་ནག་གཞུང་གིས་འཕྲུལ་རིག་ལ་བརྟེན་ནས་བོད་མིའི་འགྲོ་ཆག་ཉལ་འདུག་ཐད་བྱ་ར་གསོ་ཉུལ་བྱེད་པ་དང་། བོད་མིར་ཉེས་མེད་ཉེས་འཛུགས་བྱེད་པ་སོགས་ཀྱིས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་སྐོར་འགྲེལ་བརྗོད་གནང་ཡོད་འདུག

བོད་གནས་ལྟ་ཞིབ་ཁང་གི་འགན་འཛིན་བན་ཏེ་སྐྱབས་ལགས་ཀྱིས་ཆབ་སྲིད་རྡོ་རྗེ་བཀྲ་ཤིས་ཇི་ལྟར་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྐོར་སོགས་ཀྱི་སྐོར་ལ་གཏམ་བཤད་བྱས་སོང་།

དེ་བཞིན། ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་ཀྱིས་ཁོ་རང་བཙོན་ཁང་དུ་ཡོད་དུས་ཀྱི་དཀའ་སྡུག་གང་མྱོང་ཡོད་སྐོར་དང་། བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་དེ་ལྟར་མྱངས་དང་མྱོང་བཞིན་ཡོད་སྐོར་སོགས་ཀྱི་སྐོར་འགྲེལ་བརྗོད། དེ་བཞིན་དེ་རིང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་རྗེས་དྲན་བྱས་པའི་ཉིན་མོ་ཡིན་པ་དང་། ཁོང་གི་མཛད་རྗེས་རྣམས་རྗེས་དྲན་ཞུ་དགོས་པ་མ་ཟད། ཁོང་གིས་བཀའ་སློབ་ཆོལ་གསུམ་མཐུན་སྒྲིལ་གནང་དགོས་སྐོར་གསུངས་ཡོད་པ་བཞིན། བཙན་བྱོལ་ནང་དུ་ཡོད་པའི་བོད་མི་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་གཏམ་བཤད་གནང་ཡོད་འདུག

རྒྱ་གར་ནང་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འཆར་བཀོད་འགན་འཛིན་བསྟན་འཛིན་ལེགས་ལྡན་ལགས་ཀྱིས་བརྗོད་དོན། རྡོ་རྗེ་བཀྲ་ཤིས་ལགས་གང་མགྱོགས་གློད་གྲོལ་དང་འབྲེལ་བའི་ཐོག་ནས། འཛམ་གླིང་གང་སར་ཡོད་པའི་བོད་དོན་ལས་འགུལ་སྤེལ་མཁན་གྱི་ཚོགས་པ་རྣམས་དང་། གཞན་རང་དབང་དང་ཐོབ་ཐང་རྩོད་མཁན་གྱི་ཚོགས་སྡེ་ཁག་ནས། རྡོ་རྗེ་བཀྲ་ཤིས་ལགས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས། བདེ་ཐང་ངང་གློད་གྲོལ་ཡོང་བར་ཐབས་ཤེས་གང་ཡོད་འཐེན་བཞིན་ཡོད་དེ། ཁོང་ཇི་སྲིད་བཙོན་ཁང་ནས་མ་ཐར་བའི་བར་དུ། རྒྱ་གཞུང་དབང་འཛིན་པ་ཚོའི་སྡུག་སྦྱོང་གནར་གཅོད་ཀྱི་ཉེན་ཁའི་ནང་མུ་མཐུད་ལུས་ནས་བསྡད་ཡོད། ཅེས་བརྗོད་ཡོད།

བོད་ཀྱི་དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་ཚེ་རིང་སྒྲོལ་མ་ལགས་ཀྱིས་ཀྱང་། ད་ལན་གྱི་གཟེངས་རྟགས་དང་འབྲེལ་བའི་ཐོག་ནས། དེ་རིང་ང་ཚོས་རྡོ་རྗེ་བཀྲ་ཤིས་ལགས་ལ་སྙིང་སྟོབས་གཟེངས་རྟགས་འདི་ཕུལ་བ་བརྒྱུད། འཛམ་གླིང་གང་སར་ཁོང་གི་གནས་སྟངས་སྐོར་མང་ཙམ་ཤེས་རྟོགས་བྱུང་ནས་ཁོང་གང་མགྱོགས་གློད་གྲོལ་ཡོང་སླད་གནོན་ཤུགས་སྤྲད་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ཅེས་བརྗོད་སོང་།

གཞན་ཡང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་དོན་གྲུབ་ལགས་ནས་བརྗོད་དོན། ང་ཚོས་ཁོང་རྣམ་པ་གཉིས་ལ་ད་ལན་གྱི་སྙིང་སྟོབས་གཟེངས་རྟགས་འདི་ཕུལ་བ་བརྒྱུད། རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་བོད་མིའི་གཞི་རྩའི་ཐོབ་ཐང་གི་ཆེད་དུ། བློ་སྟོབས་ཆེན་པོས་སྐུ་ལས་བསྐྱོན་པ་དེར་རྗེས་སུ་ཡི་རངས་ཞུ་རྒྱུ་དང་། ལྷག་དོན་དུ་བོད་ནང་དང་བོད་ནས་ཡིན་པའི་བོད་མི་སྟོང་ཕྲག་མང་པོ་ཞིག་གིས། བོད་དོན་འཐབ་རྩོད་ཀྱི་ཆེད་དུ་ལོ་མང་པོར་བཙོན་ཁང་ནང་སྡུག་སྦྱོང་གནར་གཅོད་མྱངས་པའི་མཛད་རྗེས་དག་ལ་ཡང་ལེགས་སོ་དང་རྗེས་སུ་ཡི་རངས་ཞུ་གི་ཡོད། ཅེས་བརྗོད་སོང༌།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སྙིང་སྟོབས་གཟེངས་རྟགས་འདི་ནི་ཁོང་རྒྱ་གཞུང་གི་བཙོན་ཁང་དུ་སྡུག་སྦྱོ་མནར་གཅོད་བཏང་ནས་འདས་གྲོངས་སུ་ཕྱིན་ནས་ལོ་གཅིག་འཁོར་རྗེས། ཕྱི་ལོ་༢༠༡༦་ཟླ་༧་ཚེས་༡༢ཉིན་ནས་བཟུང་། ཁོང་གི་མཛད་རྗེས་དང་སྙིང་སྟོབས་རྗེས་དྲན་བྱེད་ཆེད་དུས་དྲན་སྲུང་བརྩི་དང་འབྲེལ་བའི་གཟེངས་རྟགས་གནང་གི་ཡོད་ཅིང་། བོད་ནང་དུ་ཆབ་སྲིད་བཙོན་པ་རྣམས་ལ་ཆེ་མཐོང་དང་རྗེས་དྲན། ཁོང་ཚོའི་གནས་སྟངས་རྒྱལ་སྤྱིའི་ཐོག་དོ་སྣང་དང་ཁོང་ཚོ་གློད་གྲོལ་ཐོབ་ཆེད་སོགས་ཀྱི་དམིགས་ཡུལ་བཟུང་ཡོད་འདུག ཕྱི་ལོ་༢༠༡༦་ལོར་བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་ཆོས་སྒྲོན་ལགས་ལ་ཕུལ་ཡོད་པ་དང་། ཕྱི་ལོ་༢༠༡༧་ལོར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས་ལ་ཕུལ་ཡོད་འདུག ཕྱི་ལོ་༢༠༡༨་ལོར་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་དང་མགོ་ལོག་འཇིགས་མེད་ལགས་ལ་ཕུལ་ཡོད་པ་དང་། ཕྱི་ལོ་༢༠༡༩་ལོར་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཕུལ་ཡོད་འདུག ཕྱི་ལོ་༢༠༢༠་དང་ཕྱི་ལོ་༢༠༢༡་ནད་ཡམས་རྐྱེན་གྱིས་ཕུལ་ཐུབ་མེད་པ་དང། ཕྱི་ལོ་༢༠༢༢་ལོར་བོད་ཀྱི་ཁོར་ཡུག་གི་ལས་འགུལ་བ་ཨ་ཉག་སེང་སྒྲ་ལགས་ལ་ཕུལ་ཡོད་འདུག ཕྱི་ལོ་༢༠༢༣་ལོར་བོད་ཀྱི་ཆབ་སྲིད་བཙོན་པ་རྡོ་རྗེ་བཀྲ་ཤིས་ལགས་དང་ཁོང་གི་གཅེན་མོ་མགོན་པོ་སྐྱིད་ལགས་ལ་ཕུལ་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།