29
Mon, Apr

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ཟླ་༧ ཚེས་༦ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོས་ས་མཆོག་དབུ་བཞུགས་ཀྱི་ཐོག་ནས། རྡ་སའི་སེར་སྐྱ་མི་མང་རྣམས་ལྷན་འཛོམས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དགའ་དད་སྤྲོ་གསུམ་གྱི་ངང་ནས་སྲུང་བརྩི་ཞུས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་དགུ་པ་ཙམ། བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོས་ས་མཆོག་དབུ་བཞུགས་ཀྱི་ཐོག་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་སོང་། མཛད་སྒོའི་སྐུ་མགྲོན་དུ་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་གྲོས་ཚོགས་འཐུས་མི་འགའ་དང་། ཉི་ཧོང་དང་ཐེ་ཝན་བོད་དོན་རྒྱབ་སྐྱོར་བ་དང་གྲོས་ཚོགས་འཐུས་མི་ཁག་ཅིག བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་བཅས་ཕེབས་འདུག གཞན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་དང་། རྡ་ས་ཁུལ་གྱི་སློབ་ཕྲུག་དང་ས་སྐྱ་མི་མང་། རྒྱ་གར་དང་ཕྱི་རྒྱལ་བ་བཅས་མི་མང་སྟོང་ཕྲག་འགའ་མཉམ་འཛོམས་ཀྱིས་འཁྲུངས་སྐར་གྱི་དགའ་སྟོན་ལ་རོལ་སོང་།

ཐོག་མར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་བརྒྱད་ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་དོན། ༸མགོན་པོ་མཆོག་ཕྱི་ལོ་ ༡༩༦༧ ལོར་ཉི་ཧོང་དང་། ཐའེ་ལནྜ་བཅས་ནང་པའི་རྒྱལ་ཁབ་གཉིས་སུ་ཆིབས་བསྒྱུར་མཛད་ཅིང། ༡༩༧༣ ལོར་ཡུ་རོབ་ཀྱི་རྒྱལ་ཁབ་ ༡༡ ནང་ཆིབས་བསྒྱུར་ཐོག་མར་སྐྱོང་སྐབས། ཕྱི་དངོས་པོའི་ཡར་རྒྱས་དང་དུས་མཚུངས་སུ་ཆོས་དད་ཡོད་མེད་དང་། ཆོས་ལུགས་གང་ལ་དད་མིན་ལ་མ་ལྟོས་པར་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་དང་སྤྱི་སེམས་ཡར་རྒྱས་གཏོང་གལ་གྱི་གདམས་ངག་འདི་རྒྱས་གླེང་མཛད་ཡོད་ཅིང་།

ཕྱི་ལོ་ ༡༩༧༩ ལོར་ཨ་རིར་ཐོག་མའི་ཆིབས་བསྒྱུར་གནང་སྐབས། གྲོང་ཁྱེར་ ༢༤ དང་། མཐོ་རིམ་སློབ་གཉེར་ཁང་དང་ཆོས་ཚོགས་ ༤༠ ལྷག་ཏུ་གོ་ལ་ཧྲིལ་པོ་ཅན་གྱི་འཇིག་རྟེན་འདིའི་དཀའ་ཉེན་ལ་གདོང་ལེན་གནང་སྟངས་དང། འགྲོ་བ་མིའི་བདེ་སྡུག་གི་ཐོག་ཐུན་མོང་གི་བསམ་གཞིགས་གཏོང་བ་ལ། ཆོས་ལུགས་ཚང་མའི་བླ་སྲོག་ཏུ་གྱུར་པའི་བྱམས་བརྩེ་དང་། སྙིང་རྗེའི་རིན་ཐང་གོང་དུ་སྤེལ་ཏེ། འགྲོ་བ་མིའི་གཞི་རྩའི་བཟང་པོའི་ཡོན་ཏན་རྣམས་གོང་འཕེལ་དུ་གཏོང་བར་འཛམ་གླིང་གི་ཆོས་ལུགས་ཆེན་པོ་དག་གིས་མཉམ་རུབ་བྱས་པ་ཡིན་ན། འཚེ་མེད་ཞི་བའི་གསར་བརྗེའི་ནུས་ཤུགས་ཧ་ལས་པ་ཞིག་འདོན་སྤེལ་ཐུབ་པ་ཙམ་དུ་མ་ཟད། བྱམས་བརྩེ་ལྡན་པའི་འཇིག་རྟེན་ཞིག་གསར་སྐྲུན་བྱེད་ཐུབ་པའི་ཐུགས་རེ་བཏོན་ཏེ། མང་གཙོ་དང་། རང་དབང་། འབྱོར་ཕྱུག་ལྡན་པའི་ནུབ་ཕྱོགས་སྤྱི་ཚོགས་ལ་ཐད་ཀར་འབྲེལ་གཏུགས་གནང་ཡོད།

་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟའི་བར་གླིང་ཆེན་ལྔའི་རྒྱལ་ཁབ་ ༦༠ ཙམ་གྱི་ནང་ཆིབས་བསྒྱུར་གནང་མྱོང་ཡོད་པ་དང་། དེའི་ཁྲོད་ཨ་མེ་རི་ཀ་གཅིག་པུར་ཐེངས་ ༦༠ ཙམ་དང་། འཇར་མན་ལ་ཐེངས་ ༤༧ ། ཉི་ཧོང་ལ་ ༤༣ ། སུད་སི་ལ་ ༣༢ ། ཨི་ཌ་ལི་ལ་ ༣༡ ། ཧྥ་རན་སི་ལ་ ༢༦ བཅས་ཕེབས་ཡོད་པ་སོགས་ད་ལྟའི་བར་དུ་ཕྱི་རྒྱལ་ཡུལ་ཁག་ཏུ་ཐེངས་ ༥༠༠ ཙམ་ཞབས་སོར་འཁོད་དེ། འཛམ་གླིང་ཤར་ནུབ་ཀྱི་ཤེས་ཡོན་ཅན་དང་། ཚན་རིག་པའི་སྡེ། གཞི་རྒྱ་ཆེ་བའི་མང་ཚོགས་བཅས་ལ་ཡང་ནས་ཡང་དུ་ཐད་ཀར་འབྲེལ་གཏུགས་མཛད་པར། གཞུང་དང་གྲོས་ཚོགས། གཙུག་ལག་སློབ་གཉེར་ཁང་དང་ཉམས་ཞིབ་ལྟེ་གནས་ཁང། ལྷན་ཁང་དང་ལྷན་ཚོགས་སོགས་ནས་གནས་ཚད་འདྲ་མིན་ཐོག་སློབ་དཔོན་ཆེན་མོའི་ཕྱག་ཁྱེར་དང་གཟེངས་རྟགས་ ༢༠༠ ལྷག་དང། ཨ་རི་གཅིག་པུའི་ནང་ཕྱག་འཁྱེར་ ༧༣ ཙམ་ཞིག་འབུལ་བཞེས་ཞུས་ཡོད་ལ། འཇིག་རྟེན་འདིའི་ཐོག་སྙན་གྲགས་ཆེ་བའི་ཆོས་སྲིད་ཀྱི་དབུ་ཁྲིད་ ༥༠༠ ཙམ་ཞིག་ལ་མཇལ་འཕྲད་གནང་ཡོད།

ཆིབས་བསྒྱུར་གནང་ཡུལ་དེ་དག་གི་གཙུག་ལག་སློབ་གཉེར་ཁང་དང་། ཆོས་ལུགས་འདྲ་མིན་གྱི་ལྷ་ཁང། ཚོམས་ཆེན། གྲོས་ཚོགས་ཀྱི་ཚོགས་ཁང་། ལུས་རྩལ་ར་བ། རྩེད་ཐང་། ཐང་ཆེན། སྤྱི་གླིང་སོགས་སུ་༸མགོན་པོ་མཆོག་གི་གསུང་གི་བདུད་རྩིར་མྱོང་རོལ་བྱེད་མཁན་མི་ཚོགས་སྤྲིན་ལྟར་དཀྲིགས་པའི་འབོར་གྲངས་དེ་ལྟ་བུ་ནི་ལུས་རྩལ་འགྲན་ཚོགས་དང་། གླུ་གར་གྱི་འདུ་འཛོམས་ཆེ་ཁག་ཏུའང་མཐོང་དཀོན་པ་ཡིན་ཞིང་། སྐལ་ལྡན་དེ་དག་ལ་༸མགོན་པོ་མཆོག་གིས་འགྲོ་བ་མིའི་བཟང་སྤྱོད་ཡར་རྒྱས་དང་། ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་ཆོས་རིག་དང་ཁོར་ཡུག་སྲུང་སྐྱོབ། རྒྱ་གར་གྱི་གནའ་བོའི་ཤེས་ཡོན་བསྐྱར་གསོ་བཅས་མཛད་འགན་ཆེན་པོ་བཞི་བདག་གིར་བཞེས་པའི་གཡོ་བ་མེད་པའི་བྱམས་བརྩེ་དང་། ཡོངས་སུ་རྫོགས་པའི་ཤེས་རབ། དུས་རྟག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཡང་དག་པར་རྫོགས་པའི་མཛད་པ་བསྐྱངས་པའི་རྣམ་ཐར་ནི་བསམ་བརྗོད་ལས་འདས་པ་ཞིག་ཡིན།

དུས་སྟོན་གྱི་གོ་སྐབས་འདི་བརྒྱུད། ༸མགོན་པོ་མཆོག་གི་སྐུ་ཕྱྭའི་སྲུང་སྐྱོབ་ལ་ད་བར་ཐུགས་འགན་ལྷོད་མེད་བཞེས་མཁན་རྒྱ་གར་དབུས་སའི་གཞུང་དང་། ཉིན་མཚན་དབྱེར་མེད་དུ་ལུས་དང་གྲིབ་མ་བཞིན་སྡོང་གྲོགས་ཞུ་མཁན་བཀའ་སྡོད་ལྷ་སྲུང་མཐུ་ཆེན་རྣམས་དང། དད་དམ་གཡོ་བ་མེད་པར་བཀའ་གསུང་སྤྱི་བོར་ལེན་པའི་སྐལ་ལྡན་སྐྱེ་བོ་མཐའ་དག་ལ་ལེགས་སོའི་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་སོང་།

དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༨ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་མཛད་སྒོའི་ཐོག་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་དོན། ༸གོང་ས་མཆོག་སྐུ་བལྟམས་ནས་ཕྱི་ལུགས་དགུང་གྲངས་ ༨༨ དང་། རང་ལུགས་དགུང་གྲངས་ ༨༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན། ནམ་ཡང་གཞལ་བར་མི་ནུས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཡིད་ལ་དྲན་བཞིན། གུས་ཕྱག་སྔོན་དུ་ཕུལ་ཏེ་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་དད་སྤྲོ་གསུམ་གྱི་ངང་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་ནང་གི་བོད་རིགས་སྤུན་ཟླ་རྣམས་ལ་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་ལྟ་ཞོག་༸རྒྱལ་བའི་སྐུ་པར་ཙམ་ཡང་ཉར་འཇོག་ཞུ་ཆོག་གི་མེད་པ་དང་། དེ་བཞིན་འགྲོ་འདུག་སྤྱོད་གསུམ་གྱི་ཐོག་འགྲོ་བ་མིའི་གཞི་རྩའི་རང་དབང་རྩ་བ་ནས་མེད་པས་༸རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་ཞུ་ཐབས་བྲལ་ཡང་། སེམས་གཏིང་ནས་༸གོང་ས་མཆོག་ལ་དད་པ་དམ་ཚིག་བརྟན་པོ་ཡོད་པར་བརྟེན་༸གོང་ས་མཆོག་གིས་ཀྱང་ཁྱེད་རྣམ་པར་རྟག་ཏུ་ཐུགས་སྨོན་གནང་བཞིན་ཡོད་པ་བཀའ་སློབ་མང་པོའི་ནང་གཞིས་ལུས་བོད་མིའི་སྐོར་ཡང་ཡང་ཕེབས་བཞིན་ཡོད་པས་སེམས་ཤུགས་ནམ་ཡང་མ་ཆགས་པར་བོད་མི་རིགས་ཀྱི་ལ་རྒྱ་དང་། ཆོས་དང་རིག་གཞུང་། སྐད་ཡིག་རྣམས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཡོང་ཐབས་གནང་བཞིན་པར་བསྔགས་བརྗོད་ཞུ་རྒྱུ་ཡིན།

ཉེ་བའི་ཆར་འཛམ་གླིང་ཞི་བདེའི་མཚོན་རྟགས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད། འཛམ་གླིང་ནང་པ་ཡོངས་ཀྱི་དད་གུས་ཞུ་ཡུལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་བརྙན་ཐུང་དུམ་བུ་ཞིག་རྒྱ་གཞུང་གིས་རྣམ་པ་འདྲ་མིན་བེད་སྤྱད་ནས་སྤྱི་ཚོགས་དྲ་ལམ་ཁག་ལ་བརྒྱུད་སྤེལ་གྱིས་མཚན་ཤས་ཞུ་ཐབས་བྱས་ཀྱང་། ༸གོང་ས་མཆོག་གི་མཛད་འཕྲིན་ནི་འཁོར་བའི་སྐྱོན་གྱིས་མ་གོས་པའི་མཛད་སྤྱོད་དྲི་མ་མེད་པ་ཡིན་པས་སྐུའི་གཟི་བརྗིད་དང་མཛད་པ་འཕྲིན་ལས་ཀྱི་འོད་ཟེར་དེ་བས་ཀྱང་ཕྱོགས་བཅུར་ཇེ་ཆེར་འཕྲོ་ཞིང་འཕེལ་བར་གྱུར་ཅིང་། སྐབས་དེར་རང་རིགས་བོད་མི་རྣམས་དང་། གཞན་གནད་ཡོད་མི་སྣ། ལྷག་པར་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་རྣམས་ཀྱིས་༸གོང་ས་མཆོག་གི་མཛད་འཕྲིན་ལ་དད་གུས་འགྱུར་བ་མེད་པ་གསལ་སྟོན་བྱེད་ཐུབ་པ་ནི་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་དམིགས་བསལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་སོང་།

དེའི་རྗེས་༸གོང་ས་མཆོག་གིས་བཀའ་སྩོལ་དོན། དེ་རིང་འདིར་གྲོགས་པོ་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། ངོས་ཀྱིས་ཉིན་ལྟར་སྨོན་ལམ་རྒྱག་བཞིན་པ་ནི། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། ཅེས་པ་འདི་ཡིན་ལ། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་སེམས་ཅན་ཇི་སྙེད་པ་དེ་སྲིད་ཀྱི་བར་དུ་ངོས་རང་ཡང་དེར་སྐྱེ་བ་བླངས་ནས་སྒོ་གང་ས་ནས་གཞན་གྱི་སྡུག་བསྔལ་སེལ་བ་དང་། གཞན་གྱི་དོན་སྒྲུབ་པ་ལ་སྙིང་ཁུང་རུས་པའི་གཏིང་ནས་སེམས་ཤུགས་བསྐྱེད་དེ་འགྲོ་བཞིན་ཡོད། སྐབས་སུ་བབ་པ་ལས་དང་སྨོན་ལམ་གྱི་དབང་གིས་ངོས་རང་བོད་མདོ་སྨད་ལུང་པར་སྐྱེས་པ་རེད། དུས་ད་ལྟའི་བར་དུ་ག་ཚོད་ཐུབ་ཐུབ་ཀྱིས་ལྷག་བསམ་མ་དོར་བའི་ཐོག་ནས་གཞན་ལ་ཕན་བདེ་སྒྲུབ་རྒྱུ་གང་ཡོང་ཅི་ཡང་བྱས་པ་ཡིན།

ད་ལྟ་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༨ ལ་ཕེབས་པའི་འཁྲུངས་སྐར་དུས་ཆེན་ཞེས་བྲིས་འདུག ངོས་ནས་ཤེལ་སྒོའི་ནང་བལྟ་དུས་ལོ་ང་བཅུ་སྐོར་ཞིག་མིན་འགྲོ་བསམ་ནས་གྲུང་ཐག་ཆོད་བསྡད་ཡོད་མ་གཏོགས་སྤོ་ལགས་རྫི་བརྡིབ་བསྡད་ཡོད་པ་ཞིག་ཁྱོན་ནས་ཆགས་མེད། ད་དུང་འབྱུང་འགྱུར་ཕལ་ཆེར་ངོས་རང་གིས་ཚོད་དཔག་དང་། ལུང་བསྟན་ལ་བསམ་བློ་གཏོང་དུས་ལོ་བརྒྱ་དང་བཅུ་གྲངས་སྡོད་ཐུབ་པ་ཞིག་རེད། དེར་བརྟེན། ད་ལྟ་ཕན་ཆད་ལ་བོད་རྒྱ་ཆེའི་མི་མང་གཙོ་བོར་གྱུར་པའི་འཛམ་གླིང་འདིའི་སྟེང་གི་མི་མང་ལ་དངོས་ཤུགས་རྒྱུད་གསུམ་ནས་ཕན་ཐོགས་ཞབས་འདེགས་གང་འཚམ་སྒྲུབ་ཡོད། ད་དུང་ཡང་འབྱུང་འགྱུར་ལོ་སུམ་ཅུ་བཞི་ཅུར་ཞབས་འདེགས་དེ་སྒྲུབ་བསམ་པའི་སེམས་ཤུགས་བསྐྱེད་བསྡད་ཡོད། ཁྱོད་ཚོ་ཚང་མས་སྨོན་ལམ་རྒྱག་རོགས། ཞེས་དང་། བཞད་མོ་དང་འབྲེལ། ཁྱོད་རང་ཚོས་ངོས་ཀྱི་འདྲ་རིས་འབྲི་དུས་ལོ་ ༨༨ ཅན་གྱི་པོར་ཏོ་ལག་པས་འཁྱོག་ཚད་ཅིག་མ་འབྲི་ཨ། ཞེས་དང་།

གཞན་ཡང་། ཐད་ཀར་འཛམ་གླིང་འདི་དང་། རྒྱུད་ནས་བོད་རྒྱ་ཆེའི་མི་མང་གི་ཆོས་དང་རིག་གཞུང་ལ་འབྲེལ་བ་ཡོད་པའི་ཤར་ནུབ་ཡུལ་གྲུ་ཁག་གི་མི་ཚང་མར་ངོས་ཀྱིས་ཕན་ཐོགས་གང་ལ་གང་འཚམ་བྱེད་ཐུབ་ཀྱི་ཡོད། ད་དུང་ཡིན་ནའང་སེམས་ཤུགས་བསྐྱེད་དེ་སེམས་པ་བཟང་པོ་བྱེད་པ་དང་། ལྷག་བསམ་རྣམ་དག་གི་ཐོག་ནས་མི་ལ་ཞབས་འདེགས་སྒྲུབ་པའི་སེམས་ཤུགས་ཡོད་མཁན་གྱི་ཆོས་པ་ལྟ་ཅི་སྨོས། ཆོས་མེད་མཁན་ཚོ་དང་། གང་ལྟར་སྤྱི་སེམས་འཁྱེར་མཁན་ཚང་མར་ངོས་ཀྱིས་ཞབས་འདེགས་སྒྲུབ་བསམ་པའི་སེམས་ཤུགས་བསྐྱེད་ཅིང་། དམ་བཅའ་འཇོག་གི་ཡོད། སྔ་མོ་ངོས་རང་རྒྱ་ནག་ཏུ་ཕྱིན་པའི་སྐབས་སུ་མའོ་ཙེ་ཏུང་ངོས་ལ་ཚར་མང་པོ་ཐུག་པ་རེད། མའོ་ཙེ་ཏུང་དང་མཇལ་འཕྲད་ཐ་མའི་སྐབས་སུ་ཁོས་ངོས་ལ་ཁྱེད་རང་གི་བསམ་བློ་ལ་ཚན་རིག་གི་ཤུགས་ཆེན་པོ་ཡོད་པ་འདྲ། ཧ་ཅང་ཡག་པོ་རེད། ཆོས་ཟེར་བ་ནི་དུག་རེད་ཅེས་བཤད་མྱོང་། ངོས་ཀྱིས་གང་ཡང་མ་བཤད་པར་སྤམ་པོ་བྱས་ཏེ་བསྡད་པ་ཡིན། མའོ་ཙེ་ཏུང་ད་ལྟ་ཡོད་ན་དེ་དུས་ཀྱི་སྐད་ཆ་ལ་རྦད་དེ་འགྱུར་བ་འགྲོ་གི་རེད།

གང་ལྟར་ཆོས་ཆོས་ཟེར་བ་ནི་ལྷ་ཁང་ཞིག་གི་ནང་དུ་སྨོན་ལམ་བརྒྱབ་ནས་སྡོད་པའི་སྐད་ཆ་མིན་པར། ཆོས་ནི་སེམས་རྒྱུད་བཟང་པོ་བྱེད་པ་དང་། གཞན་ལ་རོགས་ཕན་བྱེད་པ་དེ་རེད། གུང་ཁྲན་རིང་ལུགས་ལ་མཚོན་ནའང་གཞན་ཕན་བྱེད་པ་གཙོ་བོར་བཤད་ཀྱི་ཡོད་པ་རེད། གྲལ་རིམ་གྱི་ཐོག་ནས་འབྱོར་ལྡན་གྱིས་དབང་ཆ་འཛིན་པ་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། དེ་ལ་རྒྱུ་མཚན་འདུག འགྲིག་གི་འདུག དེར་བརྟེན། གལ་སྲིད་ད་ལྟའི་དུས་སུ་མའོ་ཙེ་ཏུང་ཡོད་པ་དང་། ངེད་གཉིས་ལྷོད་ལྷོད་བྱས་ཏེ་བགྲོ་གླེང་བྱས་ན་ངོས་ཀྱིས་མའོ་ཙེ་ཏུང་ཏན་ཏན་ནང་པ་ལ་བསྒྱུར་ཐུབ་ཀྱི་རེད། ང་ཚོས་ཆོས་ཞེས་སྐད་ཆ་བཤད་བཞིན་པ་དེ་བདེན་པ་རེད་འདུག ཆོས་ལུགས་ཀྱི་འཐེན་འཁྱེར་བྱེད་པ་དང་། གྲུབ་འབྲས་འཐེན་འཁྱེར་བྱེད་པའི་སྐད་ཆ་མ་རེད། མི་སེམས་བཟང་པོ་ཞིག་དང་། མི་ཚེ་སྐྱིད་པོ་ཡོང་བའི་སྐད་ཆ་བཤད་ཀྱི་ཡོད་པ་རེད། རྒྱ་ཆེ་ས་ནས་ཚེ་འདི་ཙམ་མ་ཡིན་པར་ཚེ་རབས་ནས་ཚེ་རབས་བདེ་ཞིང་སྐྱིད་པ་ཞིག་དང་། ཇི་སྲིད་ནམ་མཁའ་མ་ཟད་ཀྱི་བར་དུ་འགྲོ་བ་སེམས་ཅན་གྱི་དོན་བྱེད་པ་ལ་བསམ་བློ་གཏོང་གི་ཡོད། ཧ་ལས་པ་རེད། དེ་ལྟ་བུའི་སེམས་ཤུགས་སླེབས་པ་ཞིག་སངས་རྒྱས་པའི་ཆོས་དང་། ལྷག་པར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ནས་གསུང་བའི་བསླབ་བྱ་རྣམས་ཧ་ཅང་ཟབ་མོ་རེད། ངོས་ནས་བསླབ་བྱ་དེ་དག་སེམས་ལ་བཞག་ནས་ག་ཚོད་ཐུབ་ཐུབ་ཀྱིས་དངོས་ཤུགས་རྒྱུད་གསུམ་ནས་གཞན་ཕན་བྱེད་པ་དང་། དེ་ཡང་ཁམས་དང་མོས་པ་དང་འཚམ་པ་ཞིག་གི་ཐོག་ནས་འགྲོ་བ་ཞིག་ད་ལྟའི་བར་དུ་བྱས་པ་ཡིན། ཞེས་དང་།

འབྱུང་འགྱུར་ལོ་བཅོ་ལྔ་ཉི་ཤུ་རིང་ངོས་ཀྱིས་གཞན་ཕན་སྒྲུབ་རྒྱུར་ཨང་གསར་བྱས་ནས་འདུག་རྒྱུ་དང་། དེའི་རིང་འཛམ་གླིང་གི་གནས་ཚུལ་མང་པོ་འགྱུར་བ་འགྲོ་བ་དང་། ལྷག་པར་དུ་ཕལ་ཆེར་འཛམ་གླིང་ལ་ཞི་བདེ་ཡག་པོ་ཡོང་ཐུབ་པའི་རེ་བ་འདུག གོ་མཚོན་མེད་པ་དང་། དམག་མིས་མེ་མདའ་འཁྱེར་ནས་འགྲོ་སྡོད་པ་དེ་མེད་པར་དངོས་གནས་འཚེ་བ་མེད་པ་དང་། ཚང་མ་གྲོགས་པོའི་འདུ་ཤེས་ཐོག་ནས་འཛམ་གླིང་འདིར་འཚོ་བ་ཞིག་ཡོང་གི་རེད་བསམ་གྱི་འདུག དེ་ལྟར་འཛམ་གླིང་འདིར་དོན་དམ་པའི་གོ་མཚོན་མེད་པ་དང་། འཁྲུག་པ་རྒྱག་རེས་མེད་པར་མི་དང་མིའི་བརྩེ་བ་མ་དོར་བར་འགྲོ་བ་བྱུང་དུས་འཛམ་གླིང་ལ་དངོས་གནས་ཞི་བདེ་ཡོང་གི་ཡོད། དེ་ལྟ་བུ་འགྲུབ་པ་ཞིག་ངོས་ཀྱི་བསམ་བློའི་ནང་འཇོག་གི་ཡོད། རིམ་བཞིན་འཛམ་གླིང་འདིར་གོ་མཚོན་མེད་པ་དང་། དྲག་པོའི་དམག་ཤུགས་མེད་པ་ཞིག་ནི། ང་ཚོ་ཨ་མའི་གྲོད་ཁོག་ལས་སྐྱེས་པའི་སྐབས་སུ་གོ་མཚོན་མེད་པར་གཅིག་གིས་གཅིག་ལ་བརྩེ་བ་བྱས་ཏེ་མི་ཚེ་འགོ་ཚུགས་པ་རེད། གལ་སྲིད་མི་ཐེར་འབུམ་བདུན་བརྒྱད་ཙམ་ཡོད་པ་ཚང་མས་ཕན་ཚུན་ལ་བརྩེ་བ་བྱས་ཏེ་ཕན་པའི་བསམ་པ་ཡག་པོ་ཞིག་གི་ཐོག་གནས་པའི་བསམ་བློ་འཁྱེར་ཐུབ་པ་བྱུང་ན། དེ་ནས་གང་འཚམ་ནས་བསྐལ་བ་མེ་འཇིག་ཆུ་འཇིག་ཟེར་བའི་མེ་འཇིག་དེའང་འཛམ་གླིང་གི་ཚ་དྲོད་ཆེ་རུ་ཆེ་རུ་ཕྱིན་ནས་སླེབས་ཡོང་གི་ཡོད་པ་རེད། ཚན་རིག་པ་ཚོས་ཀྱང་དེ་བཤད་ཡོང་གི་འདུག ཅེས་སོགས་བཀའ་བསྩལ།

མཐའ་མར། སྐུ་མགྲོན་གཙོ་བོ་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སུཀ་བིནྡར་སིངྒ་སུག་ཀུ་མཆོག་གིས་གསུང་བཤད་གནང་དོན། ༸གོང་ས་མཆོག་གི་སེམས་བཟང་དང་བྱམས་བརྩེ་ཡིས་ང་ཚོ་སེམས་འགུལ་ཤུགས་ཆེན་ཐོབ་ཡོད། ད་དུང་ཡང་འཛམ་གླིང་མི་མང་ལ་སེམས་འགུལ་དང་སེམས་ཤུགས་སྦྱིན་པའི་རེ་བ་ཡོད། ཁོང་ནི་འཛམ་གླིང་གི་ཞི་བདེའི་དེད་དཔོན་ཡིན་པ་མ་ཟད་འཛམ་གླིང་ནང་ཞི་བདེ་དང་བརྩེ་བ། དེ་བཞིན་བྱམས་བརྩེ་སོགས་ཀྱི་སྐོར་གསུང་གི་ཡོད། ཁོང་གི་བཀའ་སློབ་རྣམས་ང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་སློབ་སྦྱོང་དང་ལག་བསྟར་བྱེད་དགོས། ཞེས་དང་། སྤྱི་ཁྱབ་བློན་ཆེན་མཆོག་གིས་བོད་མི་རྣམས་ཧི་མ་ཅལ་ཡི་ནང་མི་ལོ་དྲུག་ཅུ་ལྷག་གནས་པ་བཞིན། མུ་མཐུད་ནས་ཞི་བདེའི་ངང་གནས་པའི་དགའ་བསུ་ཞུ་ཡི་ཡོད། ཅེས་གསུངས་སོང་།

དེ་ནས་རྡ་ས་ཁུལ་གྱི་སློབ་ཕྲུག་དང་ཚོགས་པ་སྐྱིད་སྡུག་རྣམས་ཀྱིས་གཞས་སྣ་འཁྲབ་སྟོན་གནང་ནས་ཉིན་གང་བོར་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།