29
Mon, Apr

ཕྱི་ལོ་༢༠༢༣ཟླ་༧ཚེས་༥ཉིན། ལྷ་བྲིས་སྐལ་བཟང་དམ་ཆོས་ལགས་ཀྱིས་ཐང་གའི་ལས་གཞི་སྐོར་འགྲེལ་བརྗོད་བྱེད་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ཟླ་༧ཚེས་༥ཉིན། བཞུགས་སྒར་རྡ་ས་གཙུག་ལག་ཁང་ཉེ་འགྲམ་གྱི་བོད་ཀྱི་འགྲེམས་སྟོན་ཁང་རྙིང་པའི་ནང་དུ། སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང༌གིས་༧གོང་ས་མཆོག་གི་འཁྲུངས་སྐར་༨༨ དང་བསྟུན། རྗེ་མི་ལ་བཞད་པའི་རྡོ་རྗེའི་ངོ་མཚར་མཛད་པ་བོད་ཀྱི་ཐང་གའི་ལམ་ནས་འབྲི་བཞེངས་ལེགས་གྲུབ་འགྲེམས་སྟོན་མཛད་སྒོ་ཞིག་ཚོགས་བཞིན་འདུག

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་བཅུ་གཅིག་ཐོག བཞུགས་སྒར་རྡ་ས་གཙུག་ལག་ཁང་ཉེ་འགྲམ་གྱི་བོད་ཀྱི་འགྲེམས་སྟོན་ཁང་རྙིང་པའི་ནང་དུ། སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང༌གིས། ༧གོང་ས་མཆོག་གི་འཁྲུངས་སྐར་༨༨ ་པ་དང་བསྟུན་ནས། རྗེ་མི་ལ་བཞད་པའི་རྡོ་རྗེའི་ངོ་མཚར་མཛད་པ་བོད་ཀྱི་ཐང་གའི་ལམ་ནས་འབྲི་བཞེངས་ལེགས་གྲུབ་འགྲེམས་སྟོན་མཛད་སྒོ་ཞིག་ཚོགས་སོང་། མཛད་སྒོའི་སྐུ་མགྲོན་གཙོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་རེད་འདུག དེ་བཞིན་ས་སྐྱ་མི་མང་བཅུ་ཕྲག་ཁ་ཤས་མཉམ་ཞུགས་བྱས་འདུག

ཐོག་མར། སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་གི་ལྷ་བྲིས་སྐལ་བཟང་དམ་ཆོས་ལགས་ཀྱིས་རྗེ་མི་ལ་རས་པའི་རྣམ་ཐར་ངོ་སྤྲོད་མདོར་བསྡུས་ཤིག་འགྲེལ་བཤད་གནང་བ་དང་སྦྲགས། ལས་གཞི་དང་དེའི་དམིགས་ཡུལ་ཐོག་ནས་བརྗོད་དོན། ཐང་བྲིས་སྒྱུ་རྩལ་གྱི་ལམ་ནས། བོད་ཁ་བ་གངས་ཅན་གྱི་རིགས་སུ་འཁྲུངས་པ་ཇི་སྙེད་ཀྱིས་སྐུ་ཚེ་ཧྲིལ་པོར་དཀའ་སྤྱད་སྒོམ་སྒྲུབ་ལ་གཞོལ་དང་གཞོལ་བཞིན་པའི་དངོས་ཡོད་ཀྱི་གནས་ཚུལ་ངོ་མ་འཛམ་གླིང་ཡོངས་ལ་གསལ་སྟོན་དང་། སྐྱེ་བོ་རྣམས་སྒོམ་སྒྲུབ་ཉམས་ལེན་གྱི་བྱ་བ་རྨད་དུ་བྱུང་བ་ལ་དོ་སྣང་ཡོང་བ། འཁྲུག་ཆ་དོད་པའི་ཟང་ཟིང་གི་དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་འདིར་འགྲོ་མིའི་སེམས་ཁམས་ཞི་བདེ་བག་ཕེབས་ཡོང་བྱེད་ཀྱི་སྨན་མཆོག་ལྟ་བུ་འདི་ངོ་སྤྲོད། བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རི་མོའི་སྒྱུ་རྩལ་ཆེན་མོ་འདི་ཉིད་ཕྱི་ནང་མི་རིགས་ཅི་མང་ལ་གོ་རྟོགས་དང་དར་འཕེལ་ཡོང་བ་བཅས་དམིགས་ཡུལ་ཆེན་པོ་འདི་དག་གཞི་རྩར་བཟུང་སྟེ།

འདི་ག་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་གླིང་ནས། བོད་ཀྱི་རྣལ་འབྱོར་པ་ཀུན་གྱི་ཏོག་དང་རྩེ་མོར་གྱུར་པ་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་གཙོ་བོ་ཁག་བསྡུས་པའི་མཛད་ཐང་ཆེན་མོ་སྲིད་ལ་ཕུ་ཁྲུ་༣ དང་ཞེང་ལ་ཕུ་ཁྲུ་༧༠ ཡོད་པ་ཞིག་གསར་བཞེངས་ཞུས་ཡོད་ལ། དེའི་ཡུལ་ལྗོངས་ཀྱི་བཀོད་པ་སོགས་དུས་རབས་བཅུ་བདུན་པའི་ནང་བྱུང་བའི་སྤྲུལ་པའི་བཟོ་བོ་ནམ་མཁའ་རྒྱན་གྱི་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་འབྲི་ལུགས་ལྟར་དང༌། ཆ་ཚད་དང་གཞུང་ལུགས་སྨན་ལྷ་དོན་འགྲུབ་ཀྱི་ཆ་ཚད་ཡིད་བཞིན་ནོར་བུ་ལྟར་བྱས། འབྲི་བྱེད་ཚོན་གྱི་རྒྱུ་ཆ་རྡོ་ཚོན་དང་ས་ཚོན་གཙོར་བོར་བྱས་པའི་གསེར་དངུལ་ལ་སོགས་པའི་རིན་ཆེན་སྣ་ལྔ། བྲི་བྱའི་རྣམ་ཐར་རྗེ་མི་ལ་བཞད་པའི་རྡོ་རྗེ་ཁོང་གི་མཛད་པ་༨༨༨ ཙམ་གོང་ཞུས་སྲོལ་རྒྱུན་ཐང་གིའི་རི་མོ་རྣམ་པར་བཀོད་ཡོད། མཛད་ཐང་ཧྲིལ་པོ་ཐང་ག་ཆེན་པོ་བདུན་གྱིས་གྲུབ་པ་ལས། ཐང་ག་རེ་རེའི་ཞེང་ལ་ཕུ་ཁྲུ་བཅུ་དང་། སྲིད་ལ་ཕུ་ཁྲུ་གསུམ་རེ་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

དེའི་རྗེས། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་གིས་བོད་ཀྱི་རིག་གཞུང་ནང་དུ་ཐང་གའི་གལ་ཆེན་སྐོར་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཐང་ག་འབྲི་སྲོལ་མུ་མཐུན་ནས་ཉར་ཚགས་བྱེད་དགོས་སོགས་སྐོར་དང་། དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་སྐོར་སོགས་དང་འབྲེལ་བའི་གསུང་བཤད་གནང་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།