29
Mon, Apr

ཕྱི་ལོ་༢༠༢༣་ཟླ་༦ཚེས་༢༡ཉིན། ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཚོགས་ཁང་ནང་དུ། སྲིད་སྐྱོང་མཆོག་གིས་བོད་རྒྱའི་དཀའ་རྙོག་ཞི་འགྲིག་དང་ས་ཁུལ་གྱི་བདེ་འཇགས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག པར། བོད་མིའི་སྒྲིག་འཛུགས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༦་ཚེས་༢༦ཉིན་སྤེལ། ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཨོ་གླིང་དང་ནིའུ་ཛི་ལེནྜ་ཁུལ་ས་གནས་ཁག་ཏུ་ཕེབས་ནས། རྒྱ་ནག་གཞུང་གིས་བོད་ཀྱི་མི་རིགས་རྩ་བརླག་ཏུ་གཏོང་ཆེད་སྲིད་བྱུས་འདྲ་མིན་ལག་བསྟར་བྱེད་བཞིན་པའི་ཛ་དྲག་གི་གནས་སྟངས་དང་། བོད་ཀྱི་ཆབ་སྲིད་དང་ཁོར་ཡུག་གནས་སྟངས། བོད་ཀྱི་ཆོས་དང་རིག་གཞུང་གི་གལ་གནད་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། ཨོ་གླིང་གཙོས་རྒྱལ་ཁབ་ཁག་གིས་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་རེ་བ་དང་བོད་རྒྱ་འབྲེལ་མོས་ཡོང་བོར་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས་འདུག

དེ་ཡང་། ཟླ་འདིའི་ཚེས་༡༥་ནས་ཚེས་༢༤་བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་དང་ནིའུ་ཛི་ལེནྜ་ཁུལ་གྱི་རྒྱལ་ས་དང་གྲོང་འཁྱེར་ཁག་གི་ནང་དུ་ཕེབས་ནས། ཨོ་སུ་ཊུར་ལི་ཡའི་གྲོས་ཚོགས་འཐུས་མི་དང་། རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ། གཞན་ཡང་བོད་དོན་རྒྱབ་སྐྱོར་ཚོགས་པའི་མི་སྣ་དང་གནད་ཡོད་མི་སྣ་མཇལ་འཕྲད་གནང་ཡོད་འདུག དེ་བཞིན་ས་གནས་དེ་གའི་གསར་འགོད་ཁག་གིས་བཅར་འདྲི་བྱས་ཡོད་པ་དང་ས་གནས་བོད་རིགས་མི་མང་ལ་ཐུག་འཕྲད་གནང་ནས་གསུང་བཤད་གནང་ཡོད་འདུག

ཕྱི་ཚེས་༡༥ ཉིན། བོད་རིགས་མང་ཚོགས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་མི་དང་མཇལ་འཕྲད་ཀྱིས་གསུང་བཤད་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་གནས་སྟངས་དང་བཀའ་ཤག་གཉིས་ཀྱི་དགོངས་པ་བཞེས་ཕྱོགས་དང་། བཙན་བྱོལ་བོད་མི་གནས་སྟངས། རྒྱལ་སྤྱིའི་སྟེང་བོད་དོན་གནས་བབ་མཐོ་རུ་གཏོང་ཐབས་སུ་འབད་བརྩོན་གནང་བཞིན་ཡོད་སྐོར་སོགས་ཀྱི་ཐོག་བཀའ་སློབ་གནང་འདུག དེ་རྗེས། སྲིད་སྐྱོང་མཆོག་གིས་མུ་མཐུད་ནིའུ་ཛི་ལེནྜ་གྱི་གྲོང་ཁྱེར་ཨོག་ལེན་ཌ་ནང་རྟེན་གཞི་བྱས་པའི་ (Ellerslie War Memorial Hall) ཞེས་པའི་ཚོགས་ཁང་ནང་དགོང་ཚིགས་རྒྱས་སྟོན་དང་འབྲེལ་མཛད་སྒོ་ཞིག་ཚོགས་པའི་ཐོག་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་རྒྱ་ནག་གཞུང་ནས་བོད་ནང་དྲག་གནོན་ཅན་གྱི་སྲིད་བྱུས་འདྲ་མིན་ལག་བསྟར་བྱེད་བཞིན་པའི་ཛ་དྲག་གི་གནས་སྟངས་དང་། བོད་དོན་དང་འབྲེལ་བའི་ཆབ་སྲིད་གནས་ལུགས། འཛམ་གླིང་ནང་རྒྱ་ནག་གི་གནོན་ཤུགས་ཇི་ལྟར་སྤྲོད་བཞིན་པ་སོགས་ཀྱི་སྐོར་གསུང་བཤད་གནང་བ་མ་ཟད། བོད་དོན་རྒྱབ་སྐྱོར་བ་རྣམས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས། མཛད་སྒོའི་སྟེང་དཔལ་ལྡན་སྲིད་སྐྱོང་མཆོག་ལ་བོད་རིགས་མཐུན་ཚོགས་ནས་ཐུགས་རྗེ་ཆེ་ཞུའི་ཚུལ་དུ་དྲན་རྟེན་ཕྱག་རྟགས་དང་། གཞས་སྣ་འཁྲབ་སྟོན་གནང་ཡོད་འདུག

ཕྱི་ཚེས་༡༦ ཉིན། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནིའུ་ཛི་ལེནྜ་རྒྱལ་ས་ཝེ་ལིང་ཊོན་གྱི་ནིའུ་ཛི་ལེནྜ་གཞུང་གི་དཔེ་མཛོད་ཁང་དུ། བོད་ཀྱི་གྲོགས་པོ་དང་། སྙིང་རྗེ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཚོགས་མི། ཆོས་སྡེ་ཁག་གི་སློབ་ཕྲུག་ཁག་གཅིག་བཅས་དང་ཐུག་འཕྲད་ཀྱིསས་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་བའི་ནང་། རྒྱ་ནག་གཞུང་གིས་བོད་ཀྱི་མི་རིགས་རྩ་བརླག་ཏུ་གཏོང་ཆེད་སྲིད་བྱུས་འདྲ་མིན་ལག་བསྟར་བྱེད་བཞིན་པའི་ཛ་དྲག་གི་གནས་སྟངས་དང་། བོད་ཀྱི་ཁོར་ཡུག་གནས་སྟངས། བོད་ཀྱི་ཆོས་དང་རིག་གཞུང་གི་གལ་གནད་སོགས་ཀྱི་སྐོར་གསུང་བཤང་གནང་ཡོད་ཡོད་འདུག ཉིན་རྒྱབ་ནིའུ་ཛི་ལེནྜ་གྲོས་ཚོགས་སུ་གྲོས་ཚོགས་འཐུས་མི་སྐུ་ཞབས་(Simon O’ Connor, National Party Spokesperson for Foreign Affairs and Co-Chair of Inter-Parliamentary Alliance on China)མཆོག་གི་གོ་སྒྲིག་འོག གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་གནང་བའི་ནང་(ACT)སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(James Mcdowall)མཆོག་དངོས་སུ་མཉམ་ཞུགས་དང་། ལྗངས་ཁུ་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་ (Golriz Gharaman) མཆོག་དང་། ངལ་རྩོལ་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་ (Helen White) མཆོག་རྣམ་གཉིས་དྲྭ་ལམ་བརྒྱུད་མཉམ་ཞུགས་གནང་ཡོད། སྐབས་དེར་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། ལྷག་པར་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་བཅས་རྩ་བརླག་ཏུ་གཏོང་བཞིན་པའི་ཛ་དྲག་གནས་སྟངས། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་གི་གལ་གནད། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་གལ་གནད་སྐོར་གསུངས་ཡོད་པ་མ་ཟད། རིང་མིན་ནིའུ་ཛི་ལེནྜ་སྲིད་བློན་མཆོག་རྒྱ་ནག་ཏུ་འཚམས་གཟིགས་ཕེབས་གཏན་ཁེལ་ཡོད་པར་སོང་། ཁོང་གིས་འབྲེལ་ཡོད་རྒྱ་ནག་དཔོན་རིགས་ཁག་དང་མཉམ་བོད་ཀྱི་གནད་དོན་སྐོར་གླེང་སློང་གནང་རྒྱུའི་རེ་འདུན་ཞུས་ཡོད་འདུག

ཕྱི་ཚེས་༡༧་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནང་ཕེབས་ཡོད་པ་དང་། དེར་སྲིད་སྐྱོང་མཆོག་གིས་བོད་མི་དང་བོད་ཕྲུག་རྣམས་ལ་ཐུག་འཕྲད་གནང་ནས་གསུང་བཤད་གནང་ཡོད་འདུག སྐབས་དེར། སྲིད་སྐྱོང་མཆོག་གིས་ཕ་མ་རྣམས་ནས་འགན་འཁུར་བའི་ཐོག་ནས་སོ་སོའི་བུ་ཕྲུག་རྣམས་ལ་རང་རེའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་སྦྱང་བརྩོན་དང་ཤུགས་སྐྱོན་དགོས་པའི་ལམ་སྟོན་གནང་ཡོད་འདུག གཞན་ཡང་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་གཞི་ཆགས་ཁག་གི་གནས་སྟངས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་འདུག

ཕྱི་ཚེས་༡༨ ཉིན་གྱི་སྔ་དྲོ། སྲིད་སྐྱོང་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནི་ཁུལ་གནས་སྡོད་བོད་རིགས་གཞོན་སྐྱེས་དང་། དེ་བཞིན་དང་བླངས་བོད་དོན་ཞུ་གཏུགས་ལས་འགུལ་གྱི་ཚོགས་མི་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་དང་དྲི་བ་དྲི་ལན་གནང་ཡོད་འདུག དེར་སྲིད་སྐྱོང་མཆོག་གིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། ས་བབ་ཆགས་སྟངས། ཁོར་ཡུག་གནས་སྟངས་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ངོ་སྤྲོད་སྙིང་བསྡུས་གནང་རྗེས་བོད་པའི་གཞོན་སྐྱེས་རྣམས་ནས་བོད་ཀྱི་ལོ་རྒྱུས་ལ་དོ་སྣང་དང་། དེའི་ཆེད་བོད་དོན་དང་འབྲེལ་བའི་དེབ་གང་མང་བལྟ་ཀློག་དགོས་པ། དེ་བཞིན་བོད་དོན་ཞུ་གཏུག་ལས་འགུལ་ནང་མཉམ་ཞུགས་བྱེད་གལ་བཅས་ལམ་སྟོན་གསུང་བཤད་གནང་ཡོད་འདུག ཉིན་རྒྱབ་ཨོ་སི་ཊོ་ལི་ཡའི་གྲོང་འཁྱེར་གྱི་འཕྲུལ་རིག་སློབ་གྲྭ་ཆེན་མོའི་ནང་ཕེབས་ནས་གཙུག་ལག་སློབ་ཁང་གི་ (South Asia Pacific Research Group & Discipline of Social and Political Sciences) ཞེས་པའི་སྡེ་ཚན་གྱི་གོ་སྒྲིག་འོག་ “བོད་རྒྱའི་དཀའ་རྙོག་སེལ་རྒྱུ་ནི་འཛམ་གླིང་ཞི་བདེར་གལ་ཆེ་ཆགས་ཡོད།” ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད། འདུ་འཛོམས་དེའི་ཐོག་རྒྱ་ནག་མང་གཙོ་དོན་གཉེར་བ་དང་། མཁས་དབང་། རྩོམ་པ་པོ་ཁག་གཅིག སིཌ་ནི་བོད་རྒྱའི་མཛའ་ཚོགས་ཀྱི་ཚོགས་མི་བཅས་མཉམ་ཞུགས་གནང་ཡོད་འདུག

ཕྱི་ཚེས་༡༩ ཉིན་སྔ་དྲོ་ཨོ་སི་ཊོ་ལི་ཡའི་ཉིན་རེའི་གསར་ཤོག་ (Sydney Morning Herald) ཡི་གསར་འགོད་པ་ (Mathew Knott) ལགས་ཀྱི་བཅར་འདྲིར་ལན་འདེབས་གནང་ཡོད་འདུག ཉིན་རྒྱབ། སྲིད་སྐྱོང་མཆོག་གིས་ཨོ་སི་ཊོ་ལི་ཡའི་ (New South Wales) མངའ་སྡེའི་གྲོས་ཚོགས་སུ་བཙན་བྱོལ་ནང་གི་མང་གཙོ་དང་འབྲེལ་བའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག་པ་དང་། གསུང་བཤད་ཀྱི་ལས་རིམ་དེ་བཞིན་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ (Micheal Regan) མཆོག་དང། མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ (James Griffin) མཆོག་རྣམ་གཉིས་དང་། དེ་བཞིན་ཨོ་སི་ཊོ་ལི་ཡའི་བོད་དོན་ལྷན་ཚོགས་ (Australia Tibet Council) དང་། ཨོ་གླིང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་བཅས་ཟུང་སྦྲེལ་ཐོག་གོ་སྒྲིག་ཞུས་པ་དང་། ཨོ་སི་ཊོ་ལ་ཡའི་གསར་ཁང་ (SBS News) ཡི་གསར་འགོད་པ་ (Karla Grant) ལགས་ཀྱིས་ལས་རིམ་གཙོ་སྐྱོང་གནང་ཡོད་འདུག དེ་ནས་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེན་བྷེ་རར་ཕེབས་ནས་ཁེན་བྷེ་ར་ཁུལ་གྱི་གནས་སྡོད་རང་རིགས་མང་ཚོགས་མཇལ་འཕྲད་དང་གསུང་བཤད་གནང་ཡོད་འདུག་

ཕྱིས་ཚེས་༢༠ སྔ་དྲོར། སྲིད་སྐྱོང་མཆོག་ཨོསྟྲེ་ལི་ཡཱའི་ལྗང་ཁུ་སྲིད་དོན་ཚོགས་པའི་འཐུས་མི་ཁག་གཅིག་དང་མཇལ་འཕྲད་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་དང་། རྒྱ་གཞུང་གི་སྟངས་འཛིན་འོག་ཡོད་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་བོད་ཕྲུག་བཙན་འཇུག་བྱས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་བཙན་སྒྱུར་གཏོང་བཞིན་པའི་སྐོར་གྲོས་མོལ་སྙན་སེང་ཞུས་པར། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སི་མོན་བྷིར་མིང་གྷམ་ལགས་ཀྱིས་ཐུགས་འཚབ་དང་བཅས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་བ་དང་སྦྲགས། དེ་དོན་ཨོསྟྲེ་ལི་ཡཱ་སྲིད་གཞུང་གི་ངོས་ནས་རྒྱུན་མཐུད་དེ་ལས་གཞི་སྤེལ་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། གནད་དོན་དེ་རིགས་རྒྱ་ནག་གི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་སྐབས་གྲོས་བསྡུར་གནང་བའི་རེ་བ་ཞུས་ཡོད་འདུག ཉིན་གུང་། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་ཀྱི་ཚོགས་གཞོན་ Sharon Claydon དབུ་བཞུགས་ཀྱིས་གྲོས་ཚོགས་འཚོགས་བཞིན་པའི་སྐབས། སྲིད་སྐྱོང་་མཆོག་ཟུར་ཉན་དུ་ཆེད་ཕེབས་གནང་བ་དང་། སྐབས་དེར་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ Dr Sophie Scamps དང་། གྲོས་ཚོགས་འཐུས་མི་ Susan Templeman རྣམ་གཉིས་ནས་གྲོས་ཚོགས་ནང་དཔལ་ལྡན་སྲིད་སྐྱོང་མཆོག་ལ་དགའ་བསུ་ཞུས་གནང་བ་དང་སྦྲགས། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་གནང་ཡོད་འདུག

ཕྱི་ཚེས་༢༡ཉིན་གྱི་སྔ་དྲོར། སྲིད་སྐྱོང་མཆོག་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེན་བྷེ་རའི་ནང་རྟེན་གཞི་བྱས་པའི་ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ (National Press Club of Australia) ཀྱི་ཚོགས་ཁང་ནང་དུ། བོད་རྒྱའི་དཀའ་རྙོག་ཞི་འགྲིག་དང་ས་ཁུལ་གྱི་བདེ་འཇགས་(Resolving Sino-Tibet Conflict and Securing Peace in the Region) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག དེ་ནས་ཁེན་བྷེ་རར་རྟན་གཞི་བྱས་པའི་ཐབས་བྱུས་དང་སྲིད་བྱུས་ཉམས་ཞིབ་ཁང་(Australian Strategic Policy Institute) དུ་བོད་ཀྱི་ས་ཁམས་ཆབ་སྲིད་ཀྱི་གལ་གནད་དང་། གཞན་ཡང་བོད་ནང་གི་ཛ་དྲག་གནས་སྟངས་སོགས་དང་འབྲེལ་བའི་སྐོར་གསུང་བཤད་གནང་ཡོད་འདུག སྐབས་དེར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་གཙོ་བོ་ངོ་སྤྲོད་དང་འབྲེལ། རྒྱ་དཀར་ནག་བར་གྱི་རྒྱལ་མཚམས་དཀའ་རྙོག་དང་། བོད་ནང་རྒྱ་ནག་གཞུང་གིས་བཙན་དབང་འོག་བོད་མིའི་རིགས་རྫས་དཔེ་མཚོན་བསྡུ་རུབ་བྱེད་བཞིན་པའི་གནས་སྟངས་གསལ་བཤད་གནང་ཡོད་འདུག

ཕྱི་ཚེས་༢༢ཉིན། སྲིད་སྐྱོང་་མཆོག་གིས་འཕགས་བོད་གཉིས་དབར་གནའ་དེང་གི་འབྲེལ་བ། (India-Tibet: Ancient Ties and Current Bond) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་ཅིང་། སྲིད་སྐྱོང་མཆོག་གིས་བོད་དུ་ནང་ཆོས་དང་བོད་ཀྱི་ཡི་གེ་བཅས་པ་རྒྱ་གར་འཕགས་པའི་ཡུལ་ནས་དར་སྤེལ་བྱུང་བའི་སྐོར་དང་། གཞན་ཡང་རྒྱ་གར་གཞུང་མང་གཉིས་ནི་བོད་མི་རྣམས་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་འདུག དེ་ནས་དེ་གའི་ས་གནས་བོད་རིགས་རྣམས་ལ་གསུང་བཤད་གནང་ཡོད་འདུག ད་སྐྱོང་མཆོག་གིས། སྐབས་༡༦ པའི་བཀའ་ཤག་གི་སྤྱི་ཡོངས་ནས་དགོངས་པ་བཞེས་ཕྱོགས་དང་། ༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཞག་གིས་ཕྱག་ལས་གནང་བཞིན་པའི་སྐོར། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་རྒྱུན་གནས་ཐུབ་ཐབས། སོ་སོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་དོ་སྣང་དང་ཤེས་རྟོགས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར། དང་བླངས་དཔྱ་དངུལ་བསྡུ་འབབ་དང་འབྲེལ་བའི་གནད་དོན་ཁག་གཅིག་སྐོར་གསུངས་ཡོད་འདུག ད་དུང་རྒྱལ་སྤྱིའི་སྤྱི་ཚོགས་དང་། མང་གཙོ་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་གཞུང་དང་བཅས་པར་རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཡིན་པ། རྒྱལ་སྤྱིའི་སྟེང་བོད་དོན་གནས་བབ་མཐོ་རུ་གཏོང་ཐབས་སུ་འབད་བརྩོན་གནང་བཞིན་པ། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་འགྲེལ་བརྗོད་དང་གོ་རྟོགས་མཐོ་རུ་གཏོང་ཐབས་དང་རྒྱབ་སྐྱོར་ཐོབ་ཐབས་ཆེད་འབད་བརྩོན་གནང་བཞིན་པ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་འདུག

ཕྱི་ཚེས་༢༣ ཉིན། ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སྦི་རི་སྦེན་དུ་བོད་ཀྱི་དུས་སྟོན་ཐེངས་༡༥ པའི་ཐོག སྲིད་སྐྱོང་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཡོད་འདུག བོད་ཀྱི་དུས་སྟོན་དེ་བཞིན་ཨོ་གླིང་གནས་བཞུགས་བོད་རིགས་སྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་གོ་སྒྲིག་ཞུ་བཞིན་ཡོད་འདུག་པ་དང་། ཐེངས་འདིའི་དུས་སྟོན་གྱི་དམིགས་བསལ་ལས་རིམ་ཐོག་སྲིད་སྐྱོང་མཆོག་གིས་ཨེ་བྷི་སི་རྒྱལ་ཡོངས་རླུང་འཕྲིན་ཁང་ (ABC Radio National) གི་ལྕམ་སྐུ་(Sarah Kanowski) ལགས་དང་ལྷན་རང་ཡུལ་ (Homeland) ཞེས་བརྗོད་གཞིའི་ཐོག་གླེང་མོལ་གནང་ཡོད་འདུག

ཕྱི་ཚེས་༢༤ ཉིན་གྱི་སྔ་དྲོ། ་སྲིད་སྐྱོང་མཆོག་གིས་ཨོ་སི་ཊོ་ལི་ཡའི་མངའ་སྡེ་ཁུན་སི་ལེན་ཊི་ཁུལ་གྱི་གནས་སྡོད་རང་རིགས་མང་ཚོགས་མཇལ་འཕྲད་དང་གསུང་བཤད་གནང་ཡོད་འདུག དེ་ནས་སྲིད་སྐྱོང་མཆོག་ཕྱི་ཚེས་༢༥ སྔ་དྲོར་རྒྱ་གར་དུ་ཕེབས་ཐོན་གནང་ཡོད་འདུག་

བོད་ཀྱི་ལོ་རྒྱུས་ཡིག་ཆ།