29
Mon, Apr

ཕྱི་ལོ་༢༠༢༣་ཟླ་༧ ཚེས་༢༡ ཉིན། ལ་དྭགས་ཞི་བའི་ཚལ་གྱི་གསུང་ཆོས་ར་བའི་ནང་དུ་ཕེབས་བཞིན་པ། པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ལོའི་ཟླ་༧ ཚེས་༢༡ ཉིན། སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལ་དྭགས་ནང་པའི་ཚོགས་འདུ་དང་ལ་དྭགས་དགོན་པའི་ཚོགས་འདུ་ཐུན་མོང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ལ་དྭགས་ཁུལ་གྱི་དད་ལྡན་སེར་སྐྱ་མི་མང་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་ཆོས་ཞུ་བ་ཁྲི་གསུམ་ལྷག་ལ་ཞི་བའི་ཚལ་གསུང་ཆོས་ར་བ་རུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཤད་ལུང་གནང་སྐྱོང་མཛད་སོང་།

དེ་ཡང་། མགོན་པོ་གང་ཉིད་ཞོགས་པའི་ཆུ་ཚོད་བརྒྱད་པ་ཡས་མས་སུ་ཞི་བའི་ཚལ་གསུང་ཆོས་ར་བའི་བཞུགས་ཁྲི་ལ་བདེ་བར་འཁོད་ཅིང་། དད་ལྡན་ཆོས་ཞུ་བ་ཚོས་དགའ་དད་སྤྲོ་གསུམ་གྱིས་ལག་ཟུང་ཐལ་མོ་སྦྱར་ནས་སྨོན་ལམ་འདེབས་པ་དང་། ཕྱག་འཚལ་བ། མ་ཎི་འདོན་པར་སོགས་བྱེད། བཀའ་ཆོས་དངོས་གཞི་མ་གསུང་བའི་སྔོན་དུ། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཆོས་ལུགས་མཐུན་འབྲེལ་གྱི་གལ་གནད་དང་། དགེ་མཚན། རྒྱུ་རྐྱེན་སོགས་ཀྱི་སྐོར་ནས་བཀལ་སློབ་བཀའ་དྲིན་བསྐྱངས། དེ་ཡང་། མགོན་ཁོང་ཉིད་ཀྱིས་ཆོས་ལུགས་ཀུན་ལ་གུས་ཞབས་བྱེད་བཞིན་ཡོད་པ་དང་། ཆོས་ལུགས་ཀུན་ལ་གཞན་ཕན་སྒྲུབ་པའི་ནུས་པ་གཅིག་མཚུངས་སུ་ཡོད་པ། ཆོས་ལུགས་ཁ་ལ་ཁྱེར་ནས་དམག་འཁྲུག་རྒྱག་པ་ནི་སྐྱོ་བའི་གཞི་ཡིན་ཚུལ་སོགས་ཐུགས་བརྩེ་བ་ཆེན་པོས་གསུངས་ནས། ཆོས་ལུགས་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་གནས་དགོས་ཚུལ་ནན་གྱིས་གསུངས།

སྔོན་འགྲོའི་བཀའ་ཆོས་མཚམས་ཤིག་ཏུ། མགོན་པོ་མཆོག་ནས་དེ་རིང་གནམ་གཤིས་ཡག་པོ་འདུག ཚ་ཡང་མི་ཚ་ཞིང་གྲང་ཡང་མི་གྲང་། ང་ཚོ་མི་ཡིས་མི་མཐོང་ནའང་ཡུལ་ལྷ་གཞི་བདག་ཚོའང་འདིར་ཕེབས་ཡོད་པའི་ཚོར་སྣང་འདུག་ཅེས་གསུངས། དེ་ནས་སྔོན་འགྲོ་བཀའ་ཆོས་མུ་མཐུད་ནས་གསུང་དོན། ལ་དྭགས་ལ་མཚོན་ན། གཙོ་ཆེ་བ་ནང་པ་ཡིན་པ་དང་། དེ་ནས་ཁ་ཆེ། ཕྱིས་སུ་ཡེ་ཤུའང་འབྱུང་སྲིད་ཅིང་། ད་དུང་རྒྱ་གར་གྱི་གནའ་བའི་ཆོས་ལུགས་མུ་སྟེགས་པའང་ཡོད་ངེས། ཆོས་ལུགས་དེ་དག་ཀུན་ལ་གཞན་ཕན་སྒྲུབ་པའི་ནུས་པ་གཅིག་མཚུངས་སུ་ཡོད་སྟབས། ཆོས་ལུགས་ཕན་ཚུན་མཐུན་འབྲེལ་དང་། ཕན་ཚུན་བསམ་ཚུལ་བརྗེ་རེས། ཕན་ཚུན་བགྲོ་གླེང་། ཕན་ཚུན་ལས་བསླབ་བྱ་ལེན་པ་སོགས་བྱས་ནས་ཐུགས་མཐུན་ཁྲིམས་གཙང་གིས་གནས་དགོས་ཚུལ་གསུངས།

དེའི་རྗེས་ནས་བཤད་ལུང་དངོས་གཞི་གསུང་མགོ་བརྩམས། དེ་ཡང་མགོན་པོ་གང་ཉིད་ཀྱིས་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཤད་ལུང་འདི་ཞུ་ས་ནི་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་ཡིན་སྐོར་གསུངས་ཤིང་། བཤད་ལུང་འདི་མཛད་པོ་ཐོགས་མེད་བཟང་པོ་ལ་རྒྱལ་སྲས་ཞེས་འབོད་ནི་ཁོང་གིས་བྱང་ཆུབ་ཀྱི་སེམས་ཉམས་ལེན་གྱི་མཐིལ་དུ་བཟུང་བས་ཡིན་ཚུལ་ཡང་གསུངས། དེ་ནས། བྱང་ཆུབ་ཀྱི་སེམས་ཀྱི་གལ་གནད་དང་དགེ་མཚན་གྱི་སྐོར་ནས། མགོན་པོ་གང་ཉིད་ཀྱིས་རང་གི་མྱོང་བ་ངོ་མ་དང་སྦྱར་ནས་རང་དོན་བསྒྲུབ་ནའང་བྱང་ཆུབ་ཀྱི་སེམས་སྒོམ་པ་ལས་གཞན་མེད་པ་དང་། གཞན་དོན་བསྒྲུབ་ནའང་བྱང་ཆུབ་ཀྱི་སེམས་ལས་གཞན་མེད་ཚུལ་ནན་གྱིས་གསུངས་ཤིང་། དེས་སེམས་སྐྱིད་པ་དང་ལུས་བདེ་བ། སྤྱི་ཚོགས་ལ་ཕན་པ་ཡོད་ཚུལ་སོགས་གསུངས་ནས། ཆོས་ཞུ་བ་ཀུན་ལ་ཧུར་ཐག་འབད་ཐག་གིས་བྱང་ཆུབ་ཀྱི་སེམས་སྒོམ་དགོས་པའི་སྐུལ་མ་དང་བསླབ་བྱ་གནང་།

དེའི་རྗེས་ནས། འཛམ་གླིང་ཞི་བདེ་དང་འབྲེལ་བའི་སྒོ་ནས་གསུང་དོན། དེ་ཡང་ནང་སེམས་ལ་ཞི་བདེ་ཡོད་ན་ཕྱི་ཁོར་ཡུག་ལ་ཞི་བདེ་འབྱུང་བ་དང་། འགྲོ་བ་མི་ཕན་ཚུན་གཅིག་གྱུར་གྱི་འདུ་ཤེས་འོག་ནས་འཛམ་གླིང་ཞི་བདེ་འབྱུང་བར་བྱེད་དགོས་ཤིང་། ཞི་བདེའི་འབྱུང་ཁུངས་ངོ་མ་ནི། མི་ཀུན་གྱི་སེམས་རྒྱུད་ཀྱི་ང་རྒྱལ་དང་། ཕྲག་དོག ཁོང་ཁྲོ་སོགས་ཀྱི་མི་དགེ་བའི་བློ་རྣམས་ཉུང་དུ་གཏོང་བ་དང་། དེ་དག་གི་གཉེན་པོ་བྱམས་པ་དང་གཞན་ཕན་གྱི་བློ་རྣམས་གོང་འཕེལ་དུ་གཏོང་དགོས་པ་དེ་ཡིན་སྐོར་གསུངས།

དེ་ནས། ལག་ལེན་སོ་བདུན་མ་རེ་རེ་བྱས་ནས་བཤད་ལུང་གནང་ནས། དེ་འབྲེལ་གྱི་ལམ་སྟོན་དང་། བསླབ་བྱ། ཉམས་ལེན་སོགས་ཐུགས་བརྩེ་བ་ཆེན་པོ་དང་ཐུགས་དགྱེས་ཚོར་ཆེན་པོས་གསུངས་ཤིང་། སངས་རྒྱས་ཞེས་བྱ་བ་ནི། སངས་ཞེས་པ་ནི་ཉོན་མོངས་སྐྱོན་རྣམས་ལ་གཉེན་པོ་བསྟེན་ནས་སངས་པའམ་སྤངས་པ་དང་། རྒྱས་ཞེས་པ་ནི་ཤེས་བྱ་ཤེས་པར་བྱེད་པ་ལ་བར་དུ་གཅོད་བྱེད་ཀྱི་སྒྲིབ་པའི་བློ་དེ་རྣམས་སངས་པ་ན། བདེན་པ་གཉིས་ཀྱིས་མཚོན་པའི་ཤེས་བྱའི་ཆོས་མཐའ་དག་ལ་མཁྱེན་པ་རྒྱས་པ་ཞེས་སངས་རྒྱས་ཞེས་པའི་ཐ་སྙད་རང་སྟེང་ནས་ཀྱང་གོ་བ་ཆེན་པོ་ཡོད་ཚུལ་གསུངས་ཤིང་། མཐར་ཆུ་ཚོད་དགུ་དང་ཕྱེད་ཀ་ཡས་མས་སུ་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཤད་ལུང་ཡོངས་སུ་གྲུབ་མཛད་རྗེས་ཕོ་བྲང་དུ་བདེ་བར་ཕེབས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།