26
Fri, Apr

ཕྱི་ལོ་༢༠༢༢་ཟླ་༦་ཚེས་༢༡ཉིན། ཁེ་ཎ་ཌའི་གྲོས་ཚོགས་ཀྱི་མདུན་དུ། བོད་དོན་རྒྱབ་སྐྱོར་བ་ཁེ་ཎ་ཌའི་གྲོས་ཚོགས་འཐུས་མི་ཨ་རི་ཧྥོ-ཝི་རཱ་ཎི (Arif Virani)་དང་བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས་དང་རབ་དགའ་སོགས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢་ཟླ་༦་ཚེས་༢༡ཉིན། བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས་དང་རབ་དགའ་གཉིས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་ནི་ད་བར་དུ་རྒྱ་གཞུང་གི་གདུག་རྩུབ་ཅན་ཀྱི་སྲིད་བྱུས་འོག་གནས་ཡོད་པ་དང་བོད་མི་བརྒྱ་དང་བདུན་ཅུ་ལྷག་གི་རང་ལུས་མེར་བསྲེག་བཏང་ཡོད་པས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་ནས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བཞིན་འདུག

དེ་ཡང་། གོང་ཚེས་ཉིན། བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས་དང་རབ་དགའ་གཉིས་ཀྱིས་ཁེ་ཎ་ཌའི་གྲོང་འཁྱེར་ཊོ་རོན་ཊོར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ནས་ཞི་བའི་གོམ་བགྲོད་འགོ་བརྩམས་ནས་ད་ལྟར་ཁེ་ཎ་ཌའི་རྒྱལ་ས་ཨོ་ཊ་ཝར་སླེབས་ཡོད་འདུག ཉིན་བཅུ་ལྷག་གི་ཞི་བའི་གོམ་བགྲོད་གནང་རིང་། ལམ་བར་དུ་རྒྱ་གཞུང་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་དང་གཏོང་བཞིན་པ་སོགས་ཀྱི་ཐད་ས་གནས་མི་མང་ལ་གོ་རྟོགས་སྤེལ་ཡོད་པ་མ་ཟད། གྲོས་ཚོགས་འཐུས་མི་ཁག་ཅིག་ལའང་ཐུག་འཕྲད་བྱས་ནས་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་ཡོད་འདུག

ཁོ་གཉིས་ཀྱིས་རྒྱ་ནག་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འབོད་སྐུལ་དོན་ཚན་ལྔ་ཞུས་འདུག དེ་དག་ནི་དང་པོ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཆིབས་བསྒྱུར་བསྐྱང་རྒྱུའི་ཐོག་རྒྱབ་སྐྱོར་གནང་རོགས། གཉིས་པ། ཡིད་ཆེས་དང་ལྡན་པའི་ཐོག་ནས་བོད་རྒྱ་གྲོས་མོལ་སྐྱར་གསོ་བྱ་རྒྱུ། གསུམ་པ། ༧པཎ་ཆེན་རིན་པོ་ཆེ་མཆོག་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ངེས་པར་དུ་གློད་གྲོལ་གཏོང་དགོས། བཞི་པ། བོད་ནི་ད་བར་དུ་རྒྱ་གཞུང་གི་གདུག་རྩུབ་ཅན་ཀྱི་སྲིད་བྱུས་འོག་གནས་ཡོད་པ་དང་བོད་མི་བརྒྱ་དང་བདུན་ཅུ་ལྷག་གི་རང་ལུས་མེར་བསྲེག་བཏང་ཡོད་པས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་རོགས། ལྔ་པ། བོད་ཀྱི་ཁོར་ཡུག་གཏོར་བཅོམ་དང་འཛམ་གླིང་ལ་ཉེན་ཁ་བཟོ་བཞིན་པའི་རྒྱ་གཞུང་གི་ཡར་རྒྱས་རྫུན་མའི་སྲིད་བྱུས་མཚམས་འཇོག་བྱེད་དགོས་པ་བཅས་ཡིན་འདུག

ཁོང་གཉིས་ཀྱིས་ལས་འགུལ་དང་འབྲེལ་བའི་སྐོར་ནས་ངོ་སྤྲོད་གནང་དོན། རྒྱལ་སྤྱིའི་ཐོག་བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་། བོད་ནང་གི་དངོས་ཡོད་གནས་སྟངས་ངོ་སྤྲོད་བྱེད་ཆེད་དང་། དེ་བཞིན་བོད་ནང་དུ་ཡོད་པའི་བོད་རིགས་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱེད་ཆེད་བཅས་ལས་འགུལ་འདི་ལྟར་སྤེལ་བ་ཡིན། བོད་ནང་གི་དངོས་ཡོད་གནས་སྟངས་དང་བོད་དོན་ཆེད་རང་ལུས་མེར་བསྲེགས་གཏོང་མཁན་རྣམས། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་ཉིན་རེ་དྲན་དགོས་པ་མ་ཟད། རྒྱལ་སྤྱིའི་ཐོག་གོ་རྟོགས་སྤེལ་དགོས། བོད་དོན་བདེན་མཐའ་མ་གསལ་བའི་བར་དུ་ང་ཚོས་མི་སྒེར་ནས་ལས་འགུལ་སྤེལ་དགོས་པ་ཧ་ཅང་གལ་ཆེན་པོ་རེད།

བོད་ནང་དུ་ཡོད་པའི་བོད་མི་རྣམས་ལ་སྨྲ་བརྗོད་རང་དབང་དང་། ༸གོང་ས་མཆོག་མཇལ་འདོད་ཀྱང་མཇལ་བའི་གོ་སྐབས་མེད། དེར་བརྟེན། ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་བོད་ནང་དུ་ཡོད་པའི་བོད་མི་རྣམས་ཀྱི་ཚབ་བྱས་ནས་ལས་འགུལ་སྤེལ་རྒྱུ་དང་། ༸གོང་ས་མཆོག་གི་བཀའ་སྒྲུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ལ་དེ་ནི་ང་ཚོའི་འོས་འགན་ཀྱང་རེད། ཅེས་བརྗོད་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།