25
Thu, Apr

རྡ་སར་མདོ་ཁམས་ཆུ་བཞི་སྒང་དྲུག་དབུ་བརྙེས་ནས་ལོ་ངོ་༦༤་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢་ཟླ་༦་ཚེས་༡༦་ཉིན། རྡ་སར་མདོ་ཁམས་ཆུ་བཞི་སྒང་དྲུག་བོད་ཀྱི་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་ལོ་ངོ་༦༤་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་སྐབས། རྒྱ་གཞུང་གི་དཔོན་རིགས་ཚོས་བོད་རྒྱའི་དཀའ་རྙོག་འདི་གང་མགྱོགས་གཙང་སེལ་མ་བྱས་ཚེ། འབྱུང་འགྱུར་བོད་རྒྱའི་དཀའ་རྙོག་འདིའི་རྐྱེན་རྩ་ཇི་ཡོང་ལ་རྒྱ་ནག་གཞུང་གིས་འགན་ཁུར་ཆ་ཚང་དགོས་ཞེས་དྲན་སྐུལ་ནན་མོ་བྱེད་འདོད་བྱུང་། ཞེས་བརྗོད་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་༧:༣༠ ཐོག བཞུགས་སྒར་རྡ་ས་ལྷ་རྒྱ་རིར་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་དང་ས་གནས་རྒྱུན་ལས་ཀྱི་གོ་སྒྲིག་འོག བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་མི་མང་རྣམས་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་བོད་ཀྱི་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་ལོ་ངོ་༦༤་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་།

ཐོག་མར། བོད་མི་རིགས་དང་བསྟན་སྲིད་ཀྱི་ཆེད་དུ་སྐུ་སྲོག་ཤོར་བའི་རང་རིགས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང། ལྷག་པར་དུ་བོད་བསྟན་སྲིད་ཀྱི་ཆེད་དུ་རང་ལུས་མེར་བསྲེག་གཏོང་མཁན་གྱི་དཔའ་བོ་དཔའ་མོ་རྣམ་པ། དེ་བཞིན་རྒྱ་གཞུང་གི་སྡུག་རྩུབ་ཀྱི་སྲིད་ཇུས་འོག་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་ཀྱི་ཆེད་དུ་མྱ་ངན་ངག་བཅད་སྐར་མ་གཅིག་གནང་སོང་།

དེ་ནས། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་ཡན་ལག་འགན་འཛིན་ཕུར་བུ་ཚེ་རིང་ལགས་ཀྱིས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཡོངས་ཁྱབ་གསུང་བཤད་སྒྲོག་སྦྱང་གནང་དོན། ཕྱི་ལོ་༢༠༢༢་ཟླ་༦་ཚེས་༡༦་ཉིན་མོ་འདི་ནི། བོད་ཀྱི་རྒྱལ་ས་ལྷ་སའི་ལྷོ་ཁུལ་ལྕགས་ཚ་གྲི་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བོད་ཀྱི་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་བོ་༦༤་འཁོར་བའི་བོད་གངས་ཅན་གྱི་དཔའ་བོ་ཉིན་མོ་ཡིན་ལ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཁྱབ་ཁོངས་ས་གནས་ཡོངས་སུ་རྫོགས་པས་ཉིན་བརྒྱ་དུས་གཅིག་ཏུ་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

དེ་ནས་ཁོང་གིས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལོ་རྒྱུས་དང་བྱས་རྗེས། དེ་བཞིན་བོད་ཀྱི་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་དཔའ་བོ་དཔའ་མོ་རྣམས་ཀྱིས་རྒྱ་དམར་གཞུང་ལ་ཇི་ལྟར་ཕར་རྒོལ་གནང་ཡོད་སྐོར་དང། བཙན་བྱོལ་དུ་འབྱོར་རྗེས་བོད་མི་རྒན་དར་གཞོན་གསུམ་ལ་རོགས་རམ་དང་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་ཡོད་སྐོར་སོགས་ཀྱི་སྐོར་གསུངས་སོང་།

མཐའ་མར། ༧གོང་ས་མཆོག་གི་རླབས་ཆེན་ཐུགས་བསྐྱེད་ཟབ་མོའི་ཉི་འོད་གོ་ལ་འདིའི་ཐོག་འཕྲོ་བཞིན་ཡོད་པའི་གོ་སྐབས་འདི་དང་བསྟུན་ནས་བོད་མི་རིགས་ཀྱི་མངོན་འདོད་གཞིར་བཟུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱེད་དགོས་པ་ཧ་ཅང་གལ་ཆེན་བའི་གསལ་འདེབས་བྱ་རྒྱུ་དང་། གལ་སྲིད་ད་དུང་རྒྱ་གཞུང་གི་དཔོན་རིགས་ཚོས་བོད་རྒྱའི་དཀའ་རྙོག་འདི་གང་མགྱོགས་གཙང་སེལ་མ་བྱས་ཚེ། བོད་མི་རིགས་ཀྱི་བདག་དབང་སླར་གསོའི་ཆོད་སེམས་འདི་ལ་དུས་ནམ་ཡང་འགྱུར་བ་མེད་པ་ཟུར་བལྟས་ལེབ་མཐོང་ཡིན་གཤིས། འབྱུང་འགྱུར་བོད་རྒྱའི་དཀའ་རྙོག་འདིའི་རྐྱེན་རྩ་ཇི་ཡོང་ལ་རྒྱ་ནག་གཞུང་གིས་འགན་ཁུར་ཆ་ཚང་དགོས་ཞེས་དྲན་སྐུལ་ནན་མོ་བྱེད་འདོད་བྱུང་། ཞེས་བརྗོད་སོང་།

སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོན་དཀར་ལགས་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླང་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༤ འཁོར་བའི་དམིགས་བསལ་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོག་སྦྱང་གནང་དོན། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དེ་བཞིན་ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་བོད་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་རྒྱལ་གཅེས་དཔའ་བོ་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་དབུ་ཁྲིད་འོག་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་ནས་དཔའ་མཛངས་བརྟུལ་ཕོད་ཅན་གྱི་དཔའ་རྒོད་རྣམས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་བཙན་རྒྱལ་རྒྱ་ནག་དམར་གཞུང་གི་བཙན་འཛུལ་བ་རྣམས་བོད་ནས་མཐར་སྤྲོད་གཏོང་ཆེད་མ་བགྲོས་བསམ་པ་གཅིག་མཐུན་གྱིས་བཙུགས་གནང་ཞིང་། བོད་བསྟན་སྲིད་མི་རིགས་དང་བཅས་པ་སྲུང་སྐྱོབ་ཆེད་ཆུ་སྒང་དཔའ་རྒོད་ཚོས་སོ་སོའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་སྟེ་དགྲ་བོ་རྒྱ་ནག་དམར་གཞུང་གིས་བོད་སར་བཙན་འཛུལ་རིམ་བྱུང་ལ་ཕར་རྒོལ་འཐབ་འཛིང་ལན་མང་གནང་བ་མ་ཟད།

ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་དགོས་བྱུང་སྐབས་༸གོང་ས་མཆོག་གི་༸སྐུའི་ཉེན་སྲུང་གི་ཞབས་འདེགས་རླབས་ཆེན་བསྒྲུབས་ཏེ་༸གོང་ས་མཆོག་རྒྱ་གར་དུ་༸ཞབས་སོར་བདེ་བར་འཁོད་ཐུབ་པ་བྱུང་ཡོད། དེའི་རྗེས་སུའང་སྒྲིག་འཛུགས་ཀྱི་དཔའ་རྒོད་ཚོས་སྙིང་སྟོབས་ཞུམ་པ་མེད་པར་བོད་རྒྱལ་ཁབ་སླར་གསོའི་ཆེད་རྒྱ་ནག་ལ་ཕར་རྒོལ་གྱི་གྲ་སྒྲིག་མུ་མཐུད་གནང་བ་བཅས་ནི་ལོ་རྒྱུས་རང་བཞིན་ལྡན་པའི་བྱས་རྗེས་ཤིག་ལ་ངོས་འཛིན་ཞུས་ཆོག སྒྲིག་འཛུགས་ནང་ཐོག་མཐའ་བར་གསུམ་དུ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐབས་དུས་སོ་སོར་འདས་གྲོངས་སུ་གྱུར་བའི་རྒྱལ་གཅེས་བརྟུལ་ཕོད་ཅན་རྣམས་རྗེས་སུ་དྲན་པའི་སྒོ་ནས་སྙིང་ཁོང་རུས་པའི་གཏིང་ནས་གུས་འདུད་དང་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དུས་ད་ལྟ་ཡིན་ནའང་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་རྣམས་ནས་རང་རང་སོ་སོའི་ས་གནས་སུ་དེ་རིང་གི་ཉིན་མོར་དུས་དྲན་སྲུང་བརྩི་ཞུ་བཞིན་པར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན།

ཐོག་མར་དང་བླངས་དམག་གི་སྒྲིག་འཛུགས་ངོ་བོའི་ཐོག་ནས་བོད་བསྟན་སྲིད་ཀྱི་དོན་དུ་རྒྱ་ནག་ལ་འཐབ་རྒོལ་བྱས་པ་དང་། བཙན་བྱོལ་ནང་ཕྱིས་སུ་སྤྱི་ཚོགས་བདེ་དོན་ཚོགས་པའི་ངོ་བོའི་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་བཞིན་བཙན་བྱོལ་སྤྱི་ཚོགས་ཀྱི་བདེ་རྩར་ཕན་པའི་ཞབས་འདེགས་གང་ཐུབ་བསྒྲུབས་དང་སྒྲུབ་བཞིན་པ་བཅས་ལ་ལེགས་སོ་ཞུ་རྒྱུ་ཡིན།

གཞན་ཡང་དེང་གི་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ཡང་ནས་ཡང་དུ་ཆོལ་གསུམ་བོད་མི་རྣམས་རྡོག་རྩ་ཆིག་སྒྲིལ་དགོས་པའི་བཀའ་སློབ་ཕེབས་བཞིན་པར་བོད་མི་ཚང་མས་ཐུགས་སྣང་གིས་ཉམས་ལེན་གནང་རོགས་ཞེས་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།