02
Thu, May

བོད་ཁམས་སྡེ་དགེ་དུ་སེར་སྐྱ་མི་མང་གིས་རྒྱ་གཞུང་ལ་ཞུ་རྒོལ་བྱེད་པའི་འདྲ་པར་ཁག།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༤ ཟླ ༢ ཚེས་༢༧་ཉིན་སྤེལ། ཉེ་ཆར་རྒྱ་གཞུང་གིས་བོད་ཁམས་སྡེ་དགེ་མི་མང་གི་དངོས་འདོད་ལ་མ་བསྟུན་པ་ས་ཁུལ་དེར་ཆུ་མཛོད་རྒྱག་རྒྱུ་ཡིན་པས་རྫོང་དེའི་དགོན་པ་དྲུག་དང་གྲོང་སྡེ་གཉིས་ཀྱི་བོད་མི་རྣམས་ས་གནས་གཞན་དུ་གནས་སྤོ་བྱེད་དགོས་པའི་བཙན་བཀའ་གཏོང་དུས། དགེ་འདུན་པ་གཙོས་པའི་བོད་མི་རྣམས་ཀྱིས་ས་གནས་སྲིད་གཞུང་དང་ལས་བྱེད་ལ་པུས་མོ་སར་བཙུགས་ཏེ་ངུ་འབོད་བྱས་ནས་ཆུ་མཛོད་མ་རྒྱག་རོགས། ང་ཚོའི་ལོ་རྒྱུས་ཡུད་རིང་ལྡན་པའི་དགོན་པ་གཏོར་བཤིག་མ་གཏོང་རོགས། ང་ཚོའི་ཕ་མེས་ཡས་མེས་ཀྱི་ཁྱིམ་གཞི་བཞག་ནས་འགྲོ་མ་བཅུག་རོགས་བཅས་ཞུ་བ་རིམ་པ་བྱས་དང་བྱེད་བཞིན་ཡོད་ཀྱང་། རྒྱ་གཞུང་གིས་བོད་མིའི་འདོད་ཐོག་ལ་བཞག་པའི་ཚབ་ཏུ་ད་དུང་ཞི་བའི་ངོ་རྒོལ་བྱེད་མཁན་ཚོ་གཅར་རྡུང་དང་བོད་མི་གཅིག་སྟོང་ལྷག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག

དེ་ཡང་། རྒྱ་ནག་སྲིད་གཞུང་གིས་སྡེ་དགེ་རྫོང་གི་དབོན་པོ་སྟོད་དུ་རྒྱུག་བཞིན་པའི་འབྲི་ཆུའི་སྟེང་ཆུ་མཛོད་ཆེན་པོ་ཞིག་རྒྱག་རྒྱུ་ཡིན་སྟབས། སྲིད་གཞུང་གིས་འབྲི་ཆུ་མཐའ་སྐོར་ཡོད་པའི་དགོན་པ་དྲུག་དང་གྲོང་སྡེ་གཉིས་ས་གནས་གཞན་དུ་གནས་སྤོ་བྱེད་དགོས་པའི་བཙན་བཀའ་བཏང་ཡོད་པ་རེད། དེར་བརྟེན། ཟླ་འདིའི་ཚེས་༡༤ ཉིན། བོད་ཁམས་སྡེ་དགེ་རྫོང་སྲིད་གཞུང་ཁང་པའི་མདུན་དུ་བོད་མི་༣༠༠་ཙམ་གྱིས་ཆུ་མཛོད་ཆེན་པོ་གསར་རྒྱག་མི་བྱེད་རྒྱུ་དང་དགོན་པ་དང་གྲོང་སྡེ་གནས་སྤོ་མི་བྱེད་མི་དགོས་པའི་ཞི་འབོད་ཤུགས་ཆེན་བྱས་འདུག དེ་ནས་ཟླ་འདིའི་ཕྱི་ཚེས་༢༡ ཉིན་དགེ་འདུན་དང་བོད་མི་ཚོས་རྒྱ་གཞུང་གི་བཙན་བཀའ་གཏོང་མཁན་གྱི་ལས་བྱེད་པའི་མདུན་དུ་པུས་པུས་མོ་ས་ལ་བཙུགས་ནས་ཞུ་འབོད་དང་རེ་སྐུལ་ཞུ་ཡོད་ཀྱང་། ཁོ་ཚོས་དེར་ལན་གང་ཡང་སྤྲད་མེད་པ་མ་ཟད། ཁོ་ཚོར་ཞི་བའི་ལས་འགུལ་མཚམས་འཇོག་དགོས་པའི་སྡིག་ར་བཏང་ཡོད་འདུག དེ་ནས་ཟླ་འདིའི་ཕྱི་ཚེས་༢༢་དང་རྒྱ་གཞུང་གི་དམིགས་བསལ་ཉེན་རྟོག་པ་མང་པོ་མངགས་གཏོང་བྱས་ནས་དབོན་པོ་དགོན་པ་དང་ཡེ་ནེ་དགོན་གྱི་དགེ་འདུན། ས་གནས་དེའི་མི་མང་བཅས་ལ་གཅར་རྡུང་དང་བོད་མི་བརྒྱ་ལྷག་འཛིན་བཟུང་བཙན་ཁྲིད་བྱས་པའི་གནས་ཚུལ་ཐོན་བཞིན་འདུག བོད་མི་ཁག་ཅིག་ལ་གཅར་རྡུང་ཁྲོད་ནས་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་སྐྱེལ་ཡོད་འདུག

གཞན་ཡང་། ས་གནས་གཞན་དུ་ལས་ཀ་བྱེད་བཞིན་པའི་སྡེ་དགེ་རྫོང་གི་བོད་མི་རྣམས་རང་ཡུལ་དུ་ལོག་ནས་ས་གནས་ཉེན་རྟོག་པར་འཛིན་བཟུང་བྱས་པའི་བོད་མི་རྣམས་གློད་གྲོལ་ཡོང་བའི་རེ་སྐུལ་ཞུས་ཡོད་འདུག འོན་ཀྱང་། ཟླ་འདིའི་ཚེས་༢༣ ཉིན། ཁོ་ཚོའི་རེ་འདོད་ཐོག་བཞག་པའི་ཚབ་དུ་རེ་སྐུལ་ཞུ་མཁན་གྱི་བོད་མི་རྣམས་གཙོས་གཞན་བོད་མི་ཁྱོན་གཅིག་སྟོང་ལྷག་འཛིན་བཟུང་བྱས་ཡོད་འདུག ད་ལྟར་སྡེ་དགེའི་བོད་མི་རྣམས་ཛ་དྲག་གི་གནས་སྟངས་འོག་ཏུ་གནས་ཡོད་འདུག ཡིན་ནའང་ས་གནས་དེ་དག་ལ་དྲ་རྒྱ་བཀག་སྡོམ་ཤུགས་ཆེན་བྱས་ནས་གནས་ཚུལ་རྒྱུས་ལོན་བྱེད་རྒྱུ་ཧ་ཅང་ཁག་པོ་ཆགས་འདུག

བོད་ཁམས་སྡེ་དགེར་ཛ་དྲག་གི་གནས་སྟངས་བྱུང་བ་ནས་བཟུང་། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་སེམས་ཁུར་དང་གདུང་སེམས་མཉམ་སྐྱེད་བྱེད་བཞིན་འདུག རྒྱ་གར་གཙོས་ཨ་རི་དང་ཁེ་ཎ་ཌ། ཡུ་རོབ་བཅས་སུ་ཡོད་པའི་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། སྡེ་དགེའི་ནང་ཛ་དྲག་གི་གནས་སྟངས་འོག་གནས་ཡོད་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་སོང་། གཞན་ཡང་ཨ་རི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས། ཚོགས་པ་ཁག གཞན་འགོ་ཁྲིད་ཁག་གིས་རྒྱ་གཞུང་བྱེད་སྟངས་ལ་སྐྱོན་བརྗོད་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དང་རིག་གཞུང་ལ་གུས་ཞབས་དང་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་ཡང་ཡང་ཞུས་འདུག ད་དུང་བོད་མི་རྣམས་ཀྱིས་བོད་ཁམས་སྡེ་དགེའི་བོད་མི་རྣམས་ཀྱི་ཛ་དྲག་གི་བརྙན་ཐུང་དང་འདྲ་པར་ཁག་སྤྱི་ཚོགས་དྲ་རྒྱ་ཐོག་སྤེལ་བ་དང་བརྒྱུད་སྐུལ་ལམ་ནས་ཁོང་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱེད་བཞིན་འདུག

ཕྱི་ལོ་༢༠༢༤ ཟླ་༢ ཚེས་༢༢ཉིན། བཞུགས་སྒར་རྡ་རམ་སའི་མོག་གྷན་སྤྱི་ཐང་དུ། དབུས་དང་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་ཀྱི་གོ་སྒྲིག་འོག རྡ་རམ་སའི་ཉེ་འཁོར་གྱི་བོད་མི་རྣམས་ཀྱིས་བོད་ཁམས་སྡེ་དགེའི་བོད་མི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་དང་རྒྱ་གཞུང་གི་བཙན་བཀའ་གནས་སྤོ་བྱེད་དགོས་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཞིག་སྤེལ་སོང་། ཁོ་ཚོས་ལས་འགུལ་འདི་བརྒྱུད་ནས་སྡེ་དགེ་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་གནང་ས་མ་ཟད། རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་དོ་སྣང་དང་བོད་ཀྱི་རྒྱུགས་ཆུ་གཙོས་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུས་འདུག

གཞན་ཡང་། ཨ་རིའི་གྲོང་འཁྱེར་ནིའུ་ཡོག་གི་རྒྱ་ནག་གཞུང་ཚབ་མདུན་དང་ཁེ་ཎ་ཌ་ཁྲོ་རོན་ཁྲོའི་རྒྱ་ནག་གཞུང་ཚབ་སོགས་སུ་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། རྒྱ་གཞུང་གིས་སྡེ་དགེ་ལ་ཆུ་མཛོད་རྒྱག་རྒྱུ་མཚམས་འཇོག་བྱེད་དགོས། རྒྱ་གཞུང་གིས་བོད་མི་རྣམས་ཀྱི་རང་དབང་ཐོབ་ཐང་བརྩི་སྲུང་བྱེད་དགོས་ཞེས་སྐད་འབོད་དང་། དེ་བཞིན་ཁམས་སྡེ་དགེའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱས་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།