ཀླད་པའི་དཀྱིལ་ན་གཤོང་བུའམ་སྲུབས་ཤིག་ཡོད་པས་ཀླད་ཆེན་གྱི་མདུན་ནས་རྒྱབ་བར་དུ་གཡོན་གྱི་ཟླུམ་ཕྱེད་ཀླད་པ་དང་གཡས་ཀྱི་ཟླུམ་ཕྱེད་ཀླད་པ་ཞེས་གཉིས་སུ་དབྱེ་ཞིང་།
དེ་གཉིས་ཀྱི་བར་ན་ཀླད་ཟམ་གྱིས་གཅིག་ཏུ་འབྲེལ་ཏེ་གནས་པའི་ཕྱིར་ཆ་ཚད་མཉམ་པ་འདྲ་བའི་ཀླད་པ་ཕྱེད་ཆ་གཡས་གཡོན་གཉིས་ཀྱི་དབང་རྩ་ཕན་ཚུན་བརྡ་འཕྲོད་པ་འབྱུང་བ་ཡིན། ཕར་བལྟས་ཚོད་ལ་ཆ་ཚད་མཉམ་པའི་ཀླད་པ་ཕྱེད་ཆ་གཡས་གཡོན་གཉིས་དོན་ལ་ཆེ་ཆུང་དང་ལྕིད་ཚད་སོགས་ཀྱི་སྟེང་ཁྱད་པར་ཆེ་ཙམ་ཡོད་པར་མ་ཟད་དེའི་ནུས་པའམ་བྱེད་ལས་མི་མཚུངས་སའང་མང་དག་ཅིག་ཡོད། ཕྱེད་ཆ་གཉིས་ལ་བྱེད་ལས་ཀྱི་སྒོ་ནས་སོ་སོར་ཐུན་མོང་མིན་པའི་ཁྱད་པར་མི་འདྲ་བ་རེ་མཆིས་ཚུལ་ཟུར་ཙམ་གླིང་ན། དང་པོ་ཀླད་པ་གཡོན་པར་ལུས་ཕྱེད་གཡས་པའི་འགུལ་སྐྱོད་ལ་སྟངས་འཛིན་བྱེད་ཅིང་། སྐད་བརྡ་དང་། རགས་སྤྱིའི་བསམ་གཞིགས། གཏན་ཚིགས་ཀྱི་རྗེས་དཔག དབྱེ་ཞིབ་བྱེད་པ། སྐད་ཆ་ཤོད་པ། ཀློག་འདོན། ཡིག་འབྲི། རྩིས་རྒྱག གོ་སྒྲིག དབྱེ་བསྡུ། གོ་བ་ལེན་པ (ཡང་རྩིས་རྒྱག་ནས་གོ་བ་ལེན་པའི་བར་གྱི་ནུས་པ་དག་ཀླད་པ་གཡས་པའི་བྱེད་ལས་སུ་བཤད་པའང་མཐོང་།) སོགས་ལ་དབང་བྱེད་པས། དཔྱད་ཤེས་ཀླད་པའམ་བརྡ་སྤྲོད་ཀླད་པའང་ཟེར། ཞིབ་འཇུག་མང་པོ་བྱས་པའི་གྲུབ་འབྲས་ལ་ཀླད་པ་གཡོན་པར་སྐད་བརྡ་སྤྲོད་པའི་ནུས་པ་ཁྱད་པར་ཅན་ལྡན་པ་ངེས་རྙེད་བྱུང་ཟེར།
གཉིས་པ་ཀླད་པ་གཡས་པས་ལུས་ཕྱེད་གཡོན་པའི་འགུལ་སྐྱོད་ལ་སྟངས་འཛིན་བྱེད་ཅིང་། སྤྱིའི་རྣམ་པ་དང་སྟོང་ཆའི་དོན་གཏན་འབེབ་ཀྱི་ནུས་པ་དང་ལྡན་ཞིང་། རོལ་དབྱངས་འགྱུར་ཁུགས་ཀྱི་ཚོར་སྣང་། ལད་ཟློས། མཛེས་ཚོར། རོ་ཚོགས། བྲོ་གར་སོགས་སྒྱུ་རྩལ་རིགས་འདྲ་མིན་དང་། ཆ་ཡོངས་ཀྱི་རང་བཞིན་དང་། སྤྱི་ཁོག་ཚོད་འཛིན་དང་། ཡུལ་དུས་ཀྱི་ཚོར་བ། གསར་བཏོད། ལྟ་ཚུལ། འདུ་ཤེས་སེམས་ཤུགས་བཅས་ལ་སྟངས་འཛིན་བྱེད་པ་ཡིན། དེས་ན་འདི་ལ་ཚོར་ཤེས་ཀྱི་ཀླད་པ་དང་། ངག་ལྐུག་ཀླད་པ། སྒྱུ་རྩལ་གྱི་ཀླད་པ་སོགས་སུའང་བརྗོད་དོ། ཞིབ་འཇུག་བྱས་པའི་འབྲས་བུར། ཀླད་པ་གཡས་པ་ཉིད་དྲན་པའི་ནུས་ཤུགས་དང་། བསམ་གཞིགས་ཀྱི་ནུས་པའི་ཕྱོགས་ལ་ཀླད་པ་གཡོན་པ་ལས་ནུས་ཤུགས་ལྡབ་ཁྲི་ཚོ་བརྒྱས་ལྷག་པ་ཡོད་མོད། འོན་ཀྱང་དེང་རབས་ཀྱི་འཆར་ཅན་གྱི་སློབ་གསོ་ནི་ཀླད་པ་གཡོན་པའི་བྱེད་ལས་ཀྱི་ཕྱོགས་སུ་ལྷུང་བས། ཀླད་པ་གཡས་པའི་མི་མངོན་པའི་ནུས་པ་ཉིད་ད་དུང་སྒོ་འབྱེད་ཐུབ་མེད་ཅེས་ཚན་རིག་པ་འགའ་ཞིག་གིས་ཟེར་རོ།
དེ་ལྟར་ཀླད་པའི་གནས་མི་འདྲ་བ་དག་ལ་ནུས་པ་མི་འདྲ་བ་ཡོད་པ་ཅི་ཞིག་གི་ཤེས་ཞེ་ན། དུས་རབས་ཅོ་བརྒྱད་པའི་མཇུག་ཙམ་ན། སྨན་པ་འགའ་ཞིག་གིས། ལྟོས་བསྡུར་གཤག་བཅོས་རིག་པ་དང་ནད་ལུགས་རིག་པའི་དཔྱད་གཞི་ཐོར་བུ་ལ་གཞི་བྱས་ཤིང་། ནད་ཀྱི་ཕྱི་རྟགས་བཅས་ལ་བརྟག་དཔྱད་བྱས་ནས། མིའི་བསམ་བློའི་ཐུན་མིན་ཁྱད་ཆོས་མིི་འདྲ་བ་དག་ཀླད་པའི་གནས་སོ་སོར་གཏན་ཁེལ་གྱི་ས་ཁོངས་མི་འདྲ་བ་རེ་ཡོད་པ་ཤེས། འོན་ཀྱང་ས་ཁོངས་གཏན་ཁེལ་བ་དེ་དག་ཀླད་པའི་གནས་གང་དུ་ཡོད་པ་སྐབས་དེར་ད་དུང་ཤེས་མེད།
སྤྱི་ལོ་ ༡༨༦༡ ལོར་ཧྥི་རན་སིའི་དབང་རྩའི་བཤའ་ལས་རིག་པ་སྨྲ་བའི་སྨན་པ་པོལ བྷོ་རོ་ཁ Paul Broca ཞེས་པས། རྒྱལ་ས་པེ་རིས་སེ་ནས་བསྡུས་པའི་འགྲོ་བ་མི་རིགས་རིག་པའི་ཚོགས་འདུའི་ཐོག་ནད་གཞིའི་དཔེ་མཚོན་ཁྱད་པར་བ་ཞིག་བཀོད་པ་སྟེ། ནད་པ་དེས་གཞན་གྱིས་སྨྲས་པའི་གཏམ་གོ་ཞིང་། གདོང་གི་རྣམ་འགྱུར་དང་ལག་པའི་བརྡ་སོགས་ལ་བརྟེན་ནས་གཞན་དང་བརྡ་འཕྲོད་པ་ཡོད་མོད། སྐད་ཆ་བཤད་དགོས་ཚེ་དཀའ་ལས་ཆེན་པོ་ཡོད་དེ། ཊན་ Tan ཟེར་བ་འདི་གཅིག་པོ་མ་གཏོགས་བཤད་མི་ནུས། དེ་རྒྱུ་ཅི་ཞིག་ལས་དེ་ལྟར་གྱུར་པ་ཡིན་ནམ་ཞེས་བརྟག་དཔྱད་མང་པོ་བྱས་ཀྱང་གྲུབ་འབྲས་གང་ཡང་མ་ཐོབ། ནད་པ་དེའི་སྐད་འདོན་པ་དང་འབྲེལ་བ་ཡོད་པའི་ཤ་གནད་དང་སྒྲའི་སྐྱེ་གནས་དག་ལ་ནི་སྐྱོན་གང་ཡང་མེད་པར་རྒྱུན་ལྡན་དུ་གནས་པ་མཐོང་ངོ་། ནམ་ནད་པ་དེ་ཤི་བའི་ཚེ་གཟུགས་པ་བཤས་དེ་བརྟག་དཔྱད་བྱས་རྗེས་དེའི་རྒྱུ་རྐྱེན་ཅི་ཡིན་ད་གཟོད་ཤེས་རྟོགས་བྱུང་ཏེ། ཁོའི་ཀླད་པ་གཡོན་པའི་དཔྲལ་བའི་འདབ་འབུར་གྱི་རྒྱབ་ན་ནད་དམིགས་ཡོད་པ་མཐོང་། ཆེ་ཆུང་བྱ་སྒོང་ཙམ་ཡོད་པའི་ནད་གཞི་དེ་ཡོད་པའི་གོ་ས་དེར་མ་བསྒྲིགས་རང་འགྲིག་གི་ཚུལ་དུ་ཀླད་པའི་ཕྱི་ཤུན་གྱིས་མགྲིན་པའི་ཤ་གནད་ཀྱི་འགུལ་སྐྱོད་ལ་སྟངས་འཛིན་བྱེད་པའི་གནས་དང་ཁེལ་བས་ས་ཁངས་དེ་ག་རང་སྐད་བརྡའི་གནས་ཡིན་པར་ངེས་རྙེད་བྱུང་།
ཡང་ལོ་དེར་བྷོ་རོ་ཁས་གོང་མཚུངས་ཀྱི་དཔེ་མཚོན་གཞན་ཡང་རྙེད་དེ་ཁོའི་འདོད་པ་སྒྲུབ་པ་ལ་བདེན་དཔང་སྔར་ལས་མང་བ་ཐོབ། ༡༨༨༤ ལོར་རང་གི་ཆེད་རྩོ་ཀླད་པས་གཡོས་གྱི་ཀླད་ཕྱེད་ལ་སྐད་ཆ་བཤད་པ་ཞེས་པ་མགྲེམ་སྤེལ་བྱས་ཤིང་། དེས་མི་ཀླད་ཆེན་ཕྱི་ཤུན་གྱི་ནུས་པ་གཏན་ཁེལ་སྨྲ་བའི་གཞུང་ལུགས་ཀྱི་རྨང་གཞི་བཙུགས་ཏེ། ཀླད་ཁམས་ཚན་རིག་གི་ལོ་རྒྱུས་ཐོག་ལམ་རྟགས་རྡོ་རིང་ཞིག་གསར་དུ་བསླངས། མི་རིང་བར་མཁས་པ་མང་པོས་ཀླད་པ་གཡོན་ཀྱི་དཔྲལ་སྨད་ཀྱི་རྒྱབ་ཕྱོགས་ཀྱི་གནས་དེ་ལ་གསར་དེ་རྙེད་མཁན་གྱི་མི་དེའི་མིང་ལས་དྲངས་ནས་བྷོ་རོ་ཁའི་གནས་ཞེས་བཏགས། ༡༨༧༤ ལོར་འཇར་མན་གྱིི་དབང་རྩའི་རིག་པ་སྨྲ་བ་ཁཱརལ་ཝར་ནིཀ་ Carl Wernicke ཞེས་པས་ཀླད་པའི་སྐད་བརྡའི་གནས་གཞན་ཞིག་རྙེད་ཚུལ་བཤད་ཡོད། དེ་ཡང་ཁོས་དཔེ་མཚོན་དུ་བཀོད་པའི་ནད་པ་དེས་སྐད་ཆ་བཤད་ཤེས་ཤིང་། རྣ་བའི་ཐོས་ཚོར་ཡང་རྒྱུན་ལྡན་དུ་གནས་ཀྱང་གཞན་གྱིས་སྨྲས་པའི་གཏམ་གྱི་ནང་དོན་མི་གོ་བ་མ་ཟད། རང་གིས་སྨྲས་པའི་གཏམ་གྱི་ནང་དོན་ཡང་མི་གོ། ནམ་ཞིག་ནད་པ་དེ་ཤི་བའི་རྗེས་བརྟགས་དཔྱད་བྱས་པའི་འབྲས་བུར་ནད་པ་དེའི་ཀླད་པ་གཡོན་པའི་མུར་གོང་ན་ནད་དམིགས་ཤིག་ཡོད་པ་མཐོང་ཞིང་། དེ་དང་སྐད་ཆའི་ཚོར་བའི་ལྟེ་གནས་ཡིན་པར་སྨྲས། ཕྱིས་སུ་ཚན་རིག་པ་དུ་མས་མོས་མཐུན་གནང་སྟ་གནས་དེ་ཉིད་ལ་ཝར་ནིཀ་གནས་ཞེས་བཏགས་སོ། དེ་ལྟར་ན་སྐད་བརྡའི་གནས་གཉིས་ཏེ་གཅིག་ནི་བྷོ་རོ་ཁའི་གནས་དང་། གཅིག་ཤོས་ནི་ཝར་ནིཀ་གི་གནས་སོ།
དེ་ལྟ་ནའང་། གོང་དུ་བཤད་པའི་སྐད་བརྡའི་གནས་ངོས་འཛིན་ཕྱོགས་ལ་ད་དུང་མི་མཐུན་པ་ཆེན་པོ་ཡོད་དེ། དབང་རྩའི་རིག་པ་སྨྲ་བ་འགའ་ཞིག་གིས། སྐད་བརྡའི་གནས་གཏན་ཁེལ་ཞེས་པའི་བཤད་ཚུལ་ལ་མ་ངེས་པའི་སྐྱོན་བསྟན་ཏེ། ཁོང་ཚོས་སྐད་བརྡའི་གནས་ནི་ཀླད་པ་ཧྲིལ་པོ་ཡིན་པ་ལས། ཆ་ཤད་གཅིག་མ་ཡིན་པར་འདོད། སྐད་ཆའི་འབྱུང་རྐྱེན་ནི་ཀླད་པའི་ཕྱི་ཤུན་གྱི་གནས་སོ་སོའི་བརྡ་འཕྲིན་མི་འདྲ་བ་དག་གཅིག་ཏུ་འདུས་པ་ཉིད་ཡིན་ཞིང་། གལ་ཏེ་ཀླད་པ་ལ་ནད་སྐྱོན་བྱུང་ཚེ་དེའི་གནས་ཀྱི་བབ་ལ་གཞིགས་ཏེ་སྐད་ཀྱི་བརྡ་སྤྲོད་པ་ལ་ཚད་མི་འདྲ་བའི་སྐྱོན་འབྱུང་ཞེས་ཟེར། སྐད་བརྡའི་གསན་གཏན་ཁེལ་བ་ཞིག་ཡོད་མེད་ལ་ཚན་རིག་པ་གང་གོ་རྩོད་པ་རྣོ་ངར་ཅན་མང་དུ་བྱས་ཤིང་། རེ་ཞིག་ལ་གནས་གཏན་ཁེལ་ཡོད་པར་སྨྲ་བའི་ལུགས་དེ་ཆེས་ཡོངས་གྲགས་ཅན་དུ་ཆགས་པའི་རྒྱུ་མཚན་གྱིས་དེ་བདེན་ཁ་ཆེ་བ་ལྟར་གྱུར་ཡང་། ཕྱིས་སུ་ ༡༩༠༦ ལོར་ཧྥི་རན་སིའི་དབང་རྩའི་རིག་པ་སྨྲ་བ་ཞིག་གིས་བྷོ་རོ་ཁས་སྔར་སྙན་ཞུའི་ནང་དུ་བཀོད་པའི་ནད་པ་དེའི་ཀླད་པ་ལ་ཡང་བསྐྱར་བརྟག་དཔྱད་བྱས་མཐར། ནད་པ་དེའི་ཀླད་པའི་ནད་དམིགས་ས་ཁྱོན་ཉིད་བྷོ་རོ་ཁས་གཏན་ཁེལ་བྱས་པའི་གནས་ལས་ཆེས་ཆེ་བར་འདུག་པའི་རྒྱུ་མཚན་བཀོད་ནས་རྩོད་པ་དེ་ཡང་བསྐྱར་བསླངས།
ཨེ་སོའི་ཞེས་པའི་བུད་མེད་ཅིག་ལོ་བཅུའི་གོང་ཆག་སྒོ་ཞིག་གི་རྐྱེན་གྱིས་རོལ་ཆའི་དབྱངས་དབྱེ་འབྱེད་ཀྱི་ནུས་པ་མེད་པར་གྱུར། མོས་ཟེར་རྒྱུར། ང་རང་ལོ་ན་ཆུང་དུས་རོལ་དབྱངས་ལ་ཤིན་དུ་དགའ་མོད། ད་ལྟ་རོལ་མོ་ཡོད་ཚད་དབྱངས་གཅིག་ལས་ཁྱད་པར་མི་འདུག་ཟེར། སྒྲ་ཉམས་ནད་ཟེར་བ་དེས་ཐེབས་པ་ཡིན་ལ། དེ་ཀླད་པའི་མི་མངོན་པའི་སྐྱོན་ཆག་བྱུང་བའི་ནད་ཀྱི་རིགས་ཤིག་ཡིན། འདི་ལ་དཔྱད་ཚེ་ཀླད་པའི་ནང་དུ་རོལ་དབྱངས་སོགས་དབྱེ་འབྱེད་བྱེད་པའི་གནས་དམིགས་བསལ་བ་ཞིག་ཡོད་པ་ཤེས་ཏེ། མོས་རོལ་དབྱངས་མཉན་པའི་ཚེ་རྣ་བའི་ཚོར་ཤེས་ལ་སྐྱོན་གང་ཡང་མེད་པས། རྣ་བས་མི་ཚོར་བ་ནི་མིན་ཞིང་། སྐད་ཆ་བཤད་པའི་སྒྲ་སོགས་མིན་པར་རོལ་མོའི་དབྱངས་ཡིན་པ་ཙམ་ཡང་ཤེས་མོད། དབྱངས་ཀྱི་ཁྱད་པར་འབྱེད་བྱེད་ཀྱི་ནུས་པ་ཉམས་པ་ཡིན་པས། རོ་དབྱངས་དང་འབྲེལ་བ་ཡོད་པའི་ནུས་པའི་ཕྱོགས་ཐམས་ཅད་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད།
སྨན་པ་ཞིག་གིས་མོ་ལ་རོལ་དབྱངས་ཀྱི་གདངས་ཀྱི་གདངས་མི་འདྲ་བ་ཉན་དུ་བཅུག་ནས་བརྟག་དཔྱད་བྱེ་སྐབས། མོས་ཟེར་རྒྱུར། ངས་རྣ་བས་གོ་བར་འདུག་སྟེ། དེ་ཅི་ཞིག་ཡིན་ཟེར་མི་ཤེས་པར་འདུག་ཟེར། མོའི་ཀླད་པའི་ནང་གི་སྐྱོན་བྱུང་བའི་གནས་དེ་རྣ་བ་ནས་བརྒྱུད་དེ་འོངས་བའི་སྒྲ་ཉན་པའི་བྱ་བ་ལ་སྟངས་འཛིན་བགྱིད་པའི་གནས་དེ་ཡིན་ལ། རོལ་ཆར་ཉན་པའི་བྱ་བ་བྱེད་པ་ལ་སྟངས་འཛིན་བྱེད་པའི་གནས་ཀྱི་ལྟེ་བ་དེ་ཡང་ཡིན་ཆོག་ཚོད་འདུག་སྐད། འོན་ཀྱང་དེ་འདྲའི་ལས་སླ་མི་ཞིག་མ་ཡིན་ཏེ། སྨན་པས་བརྟག་དཔྱད་སྐབས་མོས་བཤད་རྒྱུར། རོལ་མོ་རྣམས་དབྱངས་གཅིག་ལས་ཁྱད་པར་ཡོད་པ་གཏན་ནས་མི་ཚོར་མོད། གང་ཞིག་མྱ་ངན་གྱི་དབྱངས་དང་། གང་ཞིག་དགའ་སྤྲོའི་དབྱངས་ཡིན་པའི་ཁྱད་པར་ནི་འབྱེད་ཐུབ་པར་འདུག་ཟེར། དེས་ན་རོལ་དབྱངས་དང་འབྲེལ་བའི་དབྱེ་འབྱེད་ཀྱི་ནུས་པ་ཡོད་ཚད་བརླགས་ཚར་བ་མ་ཡིན་པར་འདུག་པས། རོལ་དབྱངས་དང་འབྲེལ་བ་ཡོད་ཚད་ཚང་མ་ཀླད་པའི་ནང་གི་གནས་གཅིག་གིས་སྒྲུབ་ཟེར་བ་ཙམ་འགྲེལ་བཤད་རྒྱག་ཐུབ་པ་མི་འདུག་ཟེར།
ཨ་རིའི་སྲིད་གཞུང་གི་ཚན་རིག་བློ་འདོན་པའི་ཁོགས་སུའང་ཡོད་པའི་ཉིང་རྡུལ་དངོས་ཁམས་རིག་པ་སྨྲ་བ་འབུམ་རམས་པ་ཝེ་ཨུར་བཤེན་ཞེས་པར་ ༡༩༩༨ ལོར་ཀླད་པར་གྲིབ་སྐྱོན་ཕོག་པ་ནས་བཟུང་སྐད་ཆ་སྨྲ་བརྗོད་མི་བདེ་ཞིང་། ཁོ་རང་གིས་བྲིས་པའི་ཡེ་གེའང་ཀློག་མི་ཤེས་པར་གྱུར། འཕྲུལ་ཆས་ཀྱི་བརྟག་དཔྱད་བྱེད་སྐབས་ཀླད་པར་ཁྲག་བརྡོལ་བའི་རྐྱེན་གྱིས་ཝར་ནི་ཀའི་གནས་སུ་གཏོགས་པའི་ཀླད་པ་གཡོན་པ་ཕལ་ཆེར་སྐྱོན་ཅན་དུ་གྱུར་འདུག་པ་མཐོང་། འོན་ཀྱང་ནད་པ་མང་པོར་བརྟག་དཔྱད་བྱས་པའ་འབྲས་བུར། གོ་བ་ལེན་པའི་ནུས་པ་དང་། ཚིག་གྲུབ་བཟོ་བའི་ནུས་པ་གཉིས་ཀླད་པ་གཡོན་གྱི་ཝར་ནིཀའི་གནས་གཅིག་པུས་སྟངས་འཛིན་བྱེད་པ་ཞིག་མིན་པ་ཤེས་ཟེར། ཀླད་པའི་གནས་མི་འདྲ་བའི་ནུས་པ་དག་མཉམ་བསྡེབས་བྱས་པ་ལས་བྱུང་བ་ཞིག་ཡིན་ཞིང་། དེའི་ཚུལ་ཨ་རིའི་ཤི་ག་གྷོ་ Chicago གྲོང་ཁྱེར་ནང་ཡོད་པའི་ཝ་ཤིང་ཊོན་སློབ་གྲྭ་ཆེན་པོའི་དགེ་རྒན་ཞིག་གིས་བརྒྱལ་ནད་ཅན་གྱི་ནད་པ་ཉིས་བརྒྱ་ལྷག་གི་ཀླད་པའི་སྐད་བརྡའི་གནས་ལ་གཤག་བཅོས་དངོས་སུ་བྱས་པའི་ཉམས་མྱོང་གི་ཐོག་ནས་ཞིབ་འཇུག་བྱས་པ་ལས་ཤེས་པར་ནུས།
ཀླད་པའི་ནང་ཟུག་ཚོར་མྱོང་བྱེ་ཀྱི་དབང་རྩ་མེད་པས་ན་ཟུག་མི་ཚོར་སྟབས། ཁོས་ནད་སྦྲིད་སྨན་གྱིས་བཟི་རུ་མི་འཇུག་པར་ཤེས་པ་རྒྱུན་ལྡན་དུ་གནས་སུ་བཅུག་སྟེ། གཅིག་གཉིས་གསུམ་ཞེས་སོགས་གྲངས་ཀ་བགྲང་དུ་བཅུག་སྟེ་གློག་གི་དཔྱད་ཆས་ཀྱིས་ཀླད་པའི་གནས་སོ་སོར་འབྱུང་བའི་ཁྱད་པར་ལ་བརྟེན་ནས་གཤག་བཅོས་བྱ་ཡུལ་གཏན་ཁེལ་བྱེད་ནུས་པ་རེད་འདུག ཁོས་བཤད་རྒྱུར། གྲངས་ཙམ་འདྲེན་པ་ལའང་ཀླད་པའི་གནས་མི་འདྲ་བ་མང་པོ་ཞིག་གི་ནུས་པ་མཉམ་འབྲེལ་བྱེད་དགོས་པའི་ཚུལ་ཤེས་པར་མ་ཟད། མི་རེ་རེ་བཞིན་ཀླད་པའི་ནང་གི་སྐད་ཆའི་དྲྭ་བ་ཡོད་སའི་གནས་མི་འདྲ་བ་ཡོད་པའང་ཤེས། གང་གི་ཚེ་བརྗོད་གཞི་མི་འདྲ་བ་དང་བརྗོད་བྱར་བྱེད་པའིཚེ། སྐད་བརྡའི་གནས་དེ་དང་དེ་དག་ལ་འབྲེལ་བ་ཡོད་པའི་ཡན་ལག་གི་ཀླད་གནས་རྣམས་ཕྱོགས་གཅིག་ནང་དུ་སྡུད་པར་འདུག་ལ། དེའི་ཚེ་ཆེ་ཆུ་མཐེབ་མཛུབ་ཙམ་གྱི་ས་ཁྱོན་ཡོད་པར་གདའ། འོན་ཀྱང་སྐད་བརྡའི་གནས་དེ་དག་ཀླད་པའི་ནང་གི་ས་ཁོགས་གང་དུ་ཡོད་སྐོར་མི་འདྲ་བ་དུ་མ་ཞིག་འོང་སྟེ། གལ་ཏེ་མི་ཞིག་གིས་སྐད་རིགས་མི་འདྲ་བ་དུ་མ་ཞིག་ཤེས་པའི་དབང་དུ་བཏང་ན། དེ་དག་ལ་གནས་མི་འདྲ་བ་དེ་སྙེད་ཅིག་འོང་། དེས་ན། སྤྱི་ཁོག་ནས་བྷོ་རོ་ཁ་དང་ཝར་ནིཀ་གཉིས་ཀྱིས་བཙལ་བའི་སྐད་བརྡའི་གནས་དེ་འགྲིག་འདུག་ཀྱང་། ཞིབ་པར་དཔྱད་ན། གནས་ཀྱི་ས་ཁྱོན་ཁོང་གཉིས་ཀྱིས་བཤད་པ་ལས་ཆུང་ཞིང་། མི་སོ་སོའི་ཁྱད་པར་ལས་གནས་ཀྱི་ཁྱད་པར་ཡང་སྔར་བཤད་པ་ལས་མི་འདྲ་ས་མང་བ་དང་། སོ་སོའོ་ལས་བགོས་ཀྱང་སྔར་བཤད་པ་ལས་ཞིབ་ཅིང་ཕྲ་བ་འདུག་ཟེར་རོ།
ཀླད་པ་གཡས་གཡོན་གྱི་ནུས་པ་དང་བྱེད་ལས་སོགས་མི་འདྲ་བར་ཇི་སྐད་བཤད་པ་དེ་དག་ཀུན་ཀྱང་ལང་ཚོའི་འཕེལ་ཀ་རྫོགས་ཟིན་པའི་མིའི་དབང་དུ་བྱས་པ་ཡིན་གྱི་བྱིས་པའི་དུས་སུ་དེ་ལྟར་མ་ངེས་ཞེས་པའི་བཤད་སྲོལ་ཞིག་ཀྱང་ཚན་རིག་པ་འགའ་ཞིག་སྨྲ་སྟེ། ཀླད་ནད་བརྒྱལ་གཟེར་ལྟེ་གནས་ཀྱི་སྨན་བ་ཞིག་གིས་ལོ་དྲུག་ལོན་པའི་བྱིས་པ་ཀླད་ནད་བརྒྱལ་གཟེར་ཅན་ཟེར་བ་དེ་ལ་བརྟག་དཔྱད་བྱས་པས་ཀླད་པ་གཡོན་པ་ཡོངས་རྫོགས་ནད་ཀྱིས་བཏབ་འདུག་པ་མཐོང་ནས། འུ་ཐུག་ཐབས་ཟད་ཀྱི་གནས་ཚུལ་འོག་ཉེན་ཁ་ལ་མ་འཛེམས་པར་བྱེས་པ་དེའི་ཀླད་པ་གཡོན་པ་ཡོངས་རྫོགས་གཤག་བཅོས་བྱད་ཏེ་བཅད་པ་རེད། ཁོའི་ཨ་མ་ལགས་ཀྱིས་སེམས་ཁྲལ་ཆེན་པོས་ངང་བསྒུགས་བྱས་ནས་ཉིན་གསུམ་སོང་ཡང་བྱིས་པ་དེ་ད་དུང་དྲན་པ་འཐོར་བ་ལས་མ་སད། ཉིན་གསུམ་སོང་བའི་དུས་སུ་གློ་བུར་དུ་སད་དེ་སྐད་ཆ་བཤད་འགོ་བརྩམས། འདི་ལོ་ངོ་དྲུག་གི་རིང་ཚིག་འབྲུ་བཞི་གཅིག་ཏུ་སྦྲེལ་དེ་བཤད་པའི་ཐོག་མའང་ཡིན། དུས་འདི་ནས་བཟུང་སྐད་ཆ་རྒྱུན་ལྡན་ལྟར་བཤད་ཤེས་པ་བྱུང་ངོ་། ཁོའི་ལུས་པ་གཡས་ཕྱོགས་ཀྱི་འགུལ་སྐྱོད་ཀྱི་ནུས་པ་ལ་གཤག་བཅོས་ཀྱིས་ཤུགས་རྐྱེན་ཅུང་ཟད་ཐེབས་མོད། དམིགས་བསལ་དངོས་ཁམས་སྨན་དཔྱད་ཀྱི་ཐབས་ལ་བརྟེན་ནས་རིམ་པས་དྲག་སྐྱེད་འབྱུང་བཞིན་ཡོད། དཔེ་མཚོན་འདི་ལས་ཅི་ཞིག་ཤེས་ཐུབ་ཟེར་ན། ལར་ཡིན་ན་སྐད་ཆ་ཤོད་པ་སོགས་ཀླད་པ་གཡོན་པའི་བྱེད་ལས་ཡིན་པས་གཤག་བཅོས་བྱས་པའི་རྗེས་དེའི་ནུས་པ་ཉམས་པར་འགྱུར་རིགས་ནའང་། ལུས་སྐྱེད་མ་རྫོགས་གོང་ཀླད་པ་གཡོན་པ་མེད་པར་གྱུར་ཡང་དབང་རྩ་རྣམས་རང་འགུལ་གྱིས་སྙོམས་བསྒྲིགས་བྱས་ཏེ། ཀླད་པ་ལྷག་མའི་དབང་རྩའི་ཕྲ་ཕུང་རྣམས་ཀྱིས་དེའི་ཚབ་བྱས་ནས་ལས་ཀ་བསྒྲུབས་པའི་སྟོབས་ཀྱིས་ཀླད་པ་གཡོན་པའི་ནུས་པ་རྣམས་མི་ཤོར་བ་ཡིན་པ་ཤེས་ཐུབ་ཅེས་ཟེར་རོ།
ཡོང་ཁུངས། ཚན་རིག་དེབ་ཕྲེང་། (༡) ཀླད་ཆེན་དང་སེམས་ཀྱི་འབྲེལ་བ་ལ་དཔྱད་པ།