ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༡༧ ཉིན། བཞུགས་སྒར་དྷ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་འོག སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བོད་གཞུང་དགའ་ལྡན་ཕོ་བྲང་གི་ལུགས་གཉིས་ཀྱི་དབུ་ཁྲིད་བདག་གིར་མཛད་ནས་ལོ་ངོ་༧༥ འཁོར་བའི་དུས་དྲན་མཛད་སྒོ་དང་། གཞན་ཡང་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁྱབ་ཁོངས་ཀྱི་གཏན་སློབ་ (CST) ཁག་བདུན་དང་། བོད་ཕྲུག་ཁྱིམ་སྡེ། མ་སུ་རིའི་བོད་ཁྱིམ། རྒྱ་གར་དང་བལ་ཡུལ་གྱི་ཉིན་སློབ་ཁག་གི་སློབ་ཟུར་བཅས་ཀྱི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་གཉིས་མཉམ་དུ་ཚོགས་སོང་། སྐབས་དེར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་ཕུལ་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༠༠ ཡས་མས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་ཕོ་བྲང་གཟིམ་ཆུང་ནས་གཙུག་ལག་ཁང་དུ་ཆིབས་བསྒྱུར་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྡི་ལིའི་གཞུང་ཚབ་པ་ལྕམ་སྐུ་ཨེ་ལི་སི་ཀཱ་རྫེ་ཀོ་ཝ་ (Dr Eliska Zigova) མཆོག སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག་དང་འཕགས་པ་ཚེ་རིང་མཆོག སློབ་ཟུར་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་རྣམ་རྒྱལ་ལགས། བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་བསོད་ནམས་སྲི་ཆོས་ལགས། དྲུང་ཆེ་མིག་དམར་ཚེ་རིང་ལགས་བཅས་ནས་ཕེབས་བསུ་ཞུས་སོང་།
དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག སྲིད་སྐྱོང་མཆོག་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁྱབ་ཁོངས་ཀྱི་གཏན་སློབ་ཁག་བདུན་དང་། བོད་ཕྲུག་ཁྱིམ་སྡེ། མ་སུ་རིའི་བོད་ཁྱིམ། རྒྱ་གར་དང་བལ་ཡུལ་གྱི་ཉིན་སློབ་ཁག་གི་སློབ་ཟུར་བཅས་ཀྱི་བཀའ་དྲིན་རྗེས་དྲན་གཟེངས་བསྟོད་ཚོགས་ཆུང་གི་ཚོགས་གཙོ་སྤྱི་ཟུར་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་སོང་།
དེའི་རྗེས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་དོན། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་གུང་ཁྲན་གྱིས་སྲིད་དབང་བཙུགས་རྗེས། མདོ་སྟོད་སྨད་ཀྱི་ས་སྡེ་མང་པོ་བཙན་བཟུང་བྱས་པའི་ཐོག་ད་དུང་ཕྱི་ལོ་ ༡༩༥༠ ཟླ་ ༡༠ ནང་ལམ་ཁག་གསུམ་ནས་ཆབ་མདོར་བཙན་འཛུལ་གྱིས། བོད་ཀྱི་གཙོ་ཤུགས་དམག་དཔུང་ཕམ་ཉེས་ཤོར་ཏེ་བོད་ལ་དྲག་པོའི་འགོག་སྲུང་གི་ནུས་པ་མེད་པར་གྱུར་ཅིང། རྒྱལ་སྤྱིའི་སྤྱི་ཚོགས་ནས་སེམས་ཁུར་བྱེད་མཁན་མེད་པ་སོགས་ཀྱིས་བོད་ཀྱི་སྣོད་བཅུད་གཉིས་ཀ་དངོས་གནས་ཆགས་འཇིག་གི་སོ་མཚམས་སུ་བསྐྱལ་ཡོད་པའི་སྐབས་དེར། དགུང་ལོ་ ༡༥ ལས་སོན་མེད་པའི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྟོབས་གོ་ཆ་བཙན་པར་བགོས་ཏེ། རྒྱ་གཞུང་ལ་མེས་འཚིགས་མེེ་གཏུགས་ཀྱིས། བཙན་གནོན་འོག་ཏུ་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་རྨང་གཞི་སྟེང་ལོ་ངོ་བརྒྱད་ལྷག་རིང་ཆབ་འབངས་གངས་ཅན་པ་རྣམས་ཀླ་ཀློའི་དཔུང་ཚོགས་ཀྱི་གོ་མཚོན་འོག་ནས་ཚེ་སྲོག་སྐྱོབ་ཐབས་དང་། བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་གཅེས་སྐྱོང་ཡོང་བའི་ཐབས་ཤེས་ལུ་གུ་རྒྱུད་དུ་བསྟེན་གནང་ཡོད་ནའང་། རྒྱ་གཞུང་གིས་གྲོས་དོན་རྩིས་མེད་རྡོག་རོལ་གཏོང་རྐྱང་བྱས་པར་བརྟེན། བཙན་བྱོལ་དུ་མི་ཕེབས་ཀ་མེད་བྱུང་།
དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་དོན། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་། རིག་གཞུང། སྐད་ཡིག མི་རིགས། ཁོར་ཡུག་དང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་འཇམ་རྩུབ་སྣ་ཚོགས་ཀྱི་སྒོ་ནས་ལག་བསྟར་བྱེད་བཞིན་ཡོད་ཀྱང་། བཙན་བྱོལ་ནང་གཙོ་བོ་༸གོང་ས་མཆོག་གི་མཁྱེན་བརྩེ་ནུས་པའི་བླ་ན་མེད་པའི་ཐུགས་བསྐྱེད་མཛད་འཕྲིན་ལ་བརྟེན་ནས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་ སོགས་སྲུང་སྐྱོབ་དང་སླར་གསོ་གནང་ཞིང་། ད་བར་བོད་ཀྱི་ཆོས་དང་། རིག་གཞུང་། ཚན་རིག་དང་ནང་ཆོས་དབར་བགྲོ་གླེང་། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས། དེ་ཡང་བྱམས་བརྩེ་གོང་འཕེལ་གྱིས་སེམས་ནང་ཞི་བདེ་དང་ཡིད་ཆེས་ཡོང་དགོས་པ་སོགས་ཀྱི་ལམ་སྟོན་མཛད་ནས་འཛམ་གླིང་ནང་མི་མང་ས་ཡ་མང་པོར་ཕན་ཐོགས་བྱུང་ཞིང་། ནང་ཆོས་ལ་དད་མོས་ཡོད་མཁན་རྣམས་ལ་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བ་དང་། འཛམ་གླིང་གང་སར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཡང་ཐེངས་ ༣༤ གནང་བ་སོགས་ཆོས་སྲིད་ཀྱི་མཛད་འཕྲིན་རླབས་ཆེན་བསྐྱངས་གནང་ཡོད།
༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་དང་འབྲེལ་བ་བསྐྱར་གསོ་གནང་སྟེ་གཉིས་ཕན་གྱི་དགོངས་པ་བཞེས་ཤིང་བཙན་བྱོལ་བོད་མིའི་སྐུ་ཚབ་བོད་ནང་གཟིགས་སྐོར་སྔ་རྗེས་ཕེབས་ཐུབ་པ་བྱུང་བ་དང་། གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་ཕར་ཚུར་འགྲོ་འོང་ཐུབ་པ་བྱུང་ཞིང་། དེ་བཞིན་ཕྱི་ལོ་ ༢༠༠༢ ནས་བོད་རྒྱ་གཉིས་དབར་འབྲེལ་མོལ་ཐེངས་དགུ་ཙམ་གནང་ཡང་། རྒྱ་ནག་གཞུང་གི་དཔོན་རིགས་ཚོའི་དོགས་པ་རྣམ་རྟོག་གིས་བོད་རྒྱའི་དཀའ་རྙོག་སེལ་བའི་བཟང་ཕྱོགས་སུ་མདུན་བསྐྱོད་བྱུང་ཐུབ་མེད། དེ་རིང་བརྗོད་འདོད་པ་ཞིག་ལ་༸གོང་ས་མཆོག་སྐུ་འཚོ་བཞུགས་རིང་བོད་རྒྱའི་དཀའ་རྙོག་སེལ་ཐབས་དགོས་པ་རྒྱ་གཞུང་གི་དཔོན་རིགས་རྣམས་ལ་སྐུལ་མ་བྱ་རྒྱུ་ཡིན། ཞེས་སོགས་གསུངས་སོང་།
དེའི་རྗེས། སློབ་ཟུར་ཐུན་མོང་གི་བཀའ་དྲིན་རྗེས་དྲན་གཟེངས་བསྟོད་ཚོགས་ཆུང་གི་ཚོགས་གཙོ་བཀྲ་ཤིས་རྣམ་རྒྱལ་ལགས་ནས་གསུང་བཤད་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་ཡོན་གལ་ཆེན་གཟིགས་ནས་བཙན་བྱོལ་ནང་གཏན་ཉིན་སློབ་གྲྭ་རིམ་འཛུགས་གནང་ནས་བཙན་བྱོལ་བོད་ཕྲུག་རྣམས་ལ་གནའ་དེང་ཤེས་ཡོན་ལེགས་པ་ཐོབ་ཡོད་པར་བརྟེན་དེ་རིང་ཁོང་ལ་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་དང་ཞུ་འོས་པ་ཞིག་རེད། ཅེས་སོགས་གསུངས་རྗེས། སློབ་ཟུར་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་རྣམ་རྒྱལ་ལགས། བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་བསོད་ནམས་སྲི་ཆོས་ལགས། དྲུང་ཆེ་མིག་དམར་ཚེ་རིང་ལགས་བཅས་ནས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་ཕུལ་སོང་།
དེ་ནས་སྐུ་མགྲོན་གཙོ་བོ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་པ་ལྕམ་སྐུ་ཨེ་ལི་སི་ཀཱ་རྫེ་ཀོ་ཝ་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་ནས་མིག་དཔེར་འོས་པའི་འགོ་ཁྲིད་བཟང་པོ་ཞིག་གནང་བའི་དུས་སྟོན་འདི་སྲུང་བརྩི་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད། སློབ་གྲྭ་ཁག་གི་སློབ་ཟུར་ཚོས་བཀའ་དྲིན་རྗེས་དྲན་བྱེད་བཞིན་པ་འདི་ནི་སེམས་འགུལ་ཐེབས་པ་ཞིག་རེད། ༸གོང་ས་མཆོག་གིས་དགུང་ལོ་བཅོ་ལྔའི་སྟེང་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་རྗེས་ཀྱི་ལོ་དགུའི་རྗེས་ནས་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང་། ཁོང་གི་རྗེས་སུ་བོད་མི་བཙན་བྱོལ་བ་སྟོང་ཕྲག་མང་པོས་རྒྱ་ནག་དམར་པོའི་གཞུང་ལ་གཡོལ་ནས་སླེབས་པ་རེད། བཙན་བྱོལ་བོད་མིའི་སྤྱི་ཚོགས་འཛུགས་སྐྲུན་གྱིས་བོད་ཕྲུག་རྣམས་ལ་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་བསྩལ་ཡོད། ཅེས་སོགས་གསུངས་སོང་།
མཐའ་མར། བོད་མིའི་སྒྲིག་འཛུགས་ཀྱི་དབུས་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས། ༸གོང་ས་མཆོག་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་གནང་སོང་།