03
Wed, Dec
5 རྩོམ་གསར།

མཐུན་སྒྲིལ་ནི་ང་ཚོའི་མ་འོངས་པའི་འཐབ་རྩོད་དང་བོད་གཞིས་བྱེས་མཉམ་འཛོམས་ཡོང་བའི་ནུས་པ་གཙོ་བོ་ཞིག་ཆགས་ཡོད་ཅེས་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས་གསུངས་སོང་།

ཕྱི་ལོ་༢༠༢༥ ཟླ་༩ ཚེས་ ༢༩ ཉིན། རྡ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ།་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༩ པ་དབུ་འཛུགས་གནང་སོང་། པར། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བཙན་བྱོལ།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༥ ཟླ་༩ ཚེས་ ༢༩ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༩ པ་དབུ་འཛུགས་གནང་སྐབས། སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས་གསུང་དོན། ང་ཚོ་ཚང་མས་ང་བོད་པ་ཡིན་བསམ་པའི་བསམ་བློ་དང་། བོད་ཀྱི་གཞོན་སྐྱེས་ཤིག་ཡིན་བསམ་པའི་བསམ་བློ། མ་འོངས་པ་འགན་འཁྱེར་མཁན་ཞིག་ཡིན་བསམ་པའི་བསམ་བློ་དགོས། ང་ཆོལ་ཁ་འདིའི་ཁོངས་སུ་གཏོགས་པ་དང་ལུང་ཚན་འདིའི་ཁོངས་སུ་གཏོགས་པ་དེ་གཙོ་བོ་མི་ཡིན་པ། བོད་པ་ཞིག་ཡིན་པའི་འདུ་ཤེས་བཞག་པའི་ཐོག་ནས་མ་འོངས་པར་ཕྱག་ལས་གནང་བའི་སྐབས་སུ་ནུས་པ་གཅིག་ཏུ་སྒྲིལ་བའི་ཐོག་ཐུགས་འཁུར་བཞེས་དགོས། མཐུན་སྒྲིལ་རྡོག་རྩ་ཧ་ཅང་གལ་ཆེན་པོ་རེད། དེ་ནི་ང་ཚོ་མ་འོངས་པའི་འཐབ་རྩོད་དང་། བོད་གཞིས་བྱེས་མཉམ་འཛོམས་ཡོང་བའི་ནུས་པ་གཙོ་བོ་ཞིག་ཆགས་བསྡད་ཡོད་རེད། ཅེས་བཀའ་སློབ་ལམ་སྟོན་གནང་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༩།༣༠ ཐོག རྡ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༩ པ་དབུ་འཛུགས་གནང་བའི་མཛད་སྒོ་ཤིག་ཚོགས་སོང་། སྐབས་དེར། མཛད་སྒོའི་སྐུ་མགྲོན་གཙོ་བོར་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག གཞོན་ལྷན་དབུས་རྒྱུན་ཟུར་པ་དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག གཞོན་ལྷན་དབུས་རྒྱུན་ཟུར་པ་ལས་བྱེད་འདེམས་ལྷན་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག གཞོན་ལྷན་དབུས་རྒྱུན་ཟུར་པ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག གཞོན་ལྷན་དབུས་རྒྱུན་ཟུར་པ་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག གཞན་ཡང་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་རྒྱུན་ལས་བསྟན་པ་ཡར་འཕེལ་མཆོག སྤྱི་འཐུས་རྒྱུན་ལས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་རྒྱུན་ལས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་རྒྱུན་ལས་བློ་བཟང་ཐུབ་བསྟན་མཆོག སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་སྣེ་རྣམ་པ། དབུས་གཞོན་ནུ་ལྷན་ཚོགས་ཁྱབ་ཁོངས་ས་གནས་ཁག་༤༥ ནས་ཕེབས་པའི་ཚོགས་བཅར་བ་མི་གྲངས་ ༢༠༠ མ་ཟིན་ཙམ་མཉམ་ཞུགས་གནང་འདུག ཚོགས་ཆེན་འདི་ནི་ཉིན་གྲངས་བདུན་རིང་འཚོག་འཆར་ཡོད་པ་མ་ཟད། གྲོས་འཆར་དོན་ཚན་བརྒྱད་ཅན་པ་ཞིག་ཐོག་བགྲོ་གླེང་དང་གཏན་འབེབ་གནང་རྒྱུ་ཡིན་འདུག

ཐོག་མར། སྐུ་མགྲོན་གཙོ་བོ་མཆོག་དང་དམིགས་བསལ་སྐུ་མགྲོན་རྣམ་པ། གཞོན་ལྷན་ལས་ཐོག་ཚོགས་གཙོ་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་གནང་རྗེས། ཚང་མས་སྐུ་བཞེངས་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་རྔ་རོལ་དང་སྦྲགས་ཧིན་བོད་གཉིས་ཀྱི་རྒྱལ་གླུ་དང་གཞོན་ནུའི་མཐུན་གཞས་མཉམ་གཏོང་གནང་སོང་། དེའི་རྗེས། ཚང་མས་བོད་རྒྱལ་ཁབ་གྱི་རང་བཙན་སླར་གསོ་དང་། བོད་མི་རིགས་ཀྱི་བདེན་དོན་ཆེད་རང་སྲོག་ཚུན་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཞུམ་མེད་སྙིང་སྟོབས་དང་མཛད་རྗེས་ལ་གུས་བཀུར་རྗེས་དྲན་ཆེད། ངག་བཅད་གུས་འདུད་སྐར་མ་གཅིག་གནང་སོང་།

དེ་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས་ཚོགས་ཆེན་ཐེངས་༡༩ པ་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་དོན། རྒྱ་དམར་གཞུང་ནས་བོད་བཙན་བཟུང་བྱས་པ་ནས་བོད་ཀྱི་སྣོད་བཅུད་གཉིས་ལ་གཏོར་བཤིག་ཤུགས་ཆེན་བཏང་དང་གཏོང་མུས་ཡིན་པ་མ་ཟད། ད་ལྟར་བོད་ནང་ཧ་ཅང་ཛ་དྲག་གི་གནས་སྟངས་ཆགས་ཡོད། རྒྱ་དམར་གཞུང་གིས་བོད་ཀྱི་རིག་གཞུང་དང་སྐད་ཡིག་མེད་པ་བཟོ་ཆེད་ད་ལྟར་བཅའ་སྡོད་སློབ་གྲྭ་བཙུགས་ཡོད། དེ་བཞིན་རྒྱ་དམར་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་དང་དོན་གཉེར་གནང་མཁན་བོད་ཀྱི་བླ་སྤྲུལ་དགེ་བཤེས་དང་མཁས་དབང་རྣམས་པ་ཉེས་མེད་ཉེས་འཛུགས་བྱས་ནས་འཛིན་བཟུང་བཙན་ཁྲིད་དང་བཙོན་འཇུག་བྱས་དང་བྱེད་མུས་ཡིན། དེ་བཞིན་བོད་ཀྱི་ཁོར་ཡུག་གཏོར་བཤིག་དང་། ཞིང་པ་དང་འབྲོག་པ་བཅས་ལ་གཏོར་བཤིག་བཏང་དང་གཏོང་བཞིན་ཡོད། ཅེས་སོགས་འགྲེལ་བརྗོད་གནང་སོང་།

དེའི་རྗེས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་དོན། བོད་ཀྱི་གཞོན་ནུ་རྣམས་ཀྱིས་མུ་མཐུད་ནས་བོད་ཀྱི་བདེན་མཐའ་སེལ་བར་འཐབ་རྩོད་རྒྱག་དགོས་པ་གལ་ཆེན་པོ་རེད། དེ་བཞིན་བོད་ཀྱི་ལོ་རྒྱུས་ལ་རྒྱུས་ལོན་དང་། ད་ལྟར་རྒྱ་དམར་གཞུང་གིས་བོད་བཙན་བཟུང་བྱས་ནས་བཙན་བྱོལ་གྱི་གནས་སྟངས་ཆགས་ཡོད་པ། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་འགྱུར་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ། སྐད་ཡིག་མཉམ་སྲེ། མི་རིགས་མཉམ་སྲེ་བྱས་ནས་བོད་མི་རིགས་གནས་མི་གནས་བའི་ས་མཚམས་ལ་སླེབས་བསྡད་ཡོད། དེར་བརྟེན། ང་ཚོ་མི་རབས་གསར་པ་རྣམས་ཀྱིས་དེང་དུས་ཀྱི་ཤེས་ཡོན་བེད་སྤྱོད་བཏང་ནས་བོད་དོན་འཐབ་རྩོད་གནད་དོན་དེ་ཤུགས་ཆེ་རུ་གཏོང་ཐབས་དང་། དེ་བཞིན་བོད་ནང་གི་ཆབ་སྲིད་གནས་སྟངས་དང་རྒྱ་ནག་གི་དབུ་ཁྲིད་ཀྱི་ལྟ་བ་འགྱུར་བ་གཏོང་ཐུབ་ཐབས་ག་འདྲ་འདུག་མིན་ཐོག་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད། ཅེས་སོགས་གསུངས་སོང་།

དེ་ནས་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས་ཚོགས་ཆེན་དང་འབྲེལ་བའི་གསུང་བཤད་གནང་དོན། རྒྱ་དམར་གཞུང་གིས་བོད་བཙན་བཟུང་བྱས་ནས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་པའི་བླ་ཆེན་ཁག་དང་བོད་མི་རྣམས་བཙན་བྱོལ་དུ་གནས་དགོས་པ་ཆགས་ཡོད། ང་ཚོ་ད་དུང་གནས་སྟངས་དེ་ལ་ལྷག་བསྡད་ཡོད་རེད། སྡུག་དགོས་ན་དེ་ལས་སྡུག་པ་ཞིག་ཡོང་རྒྱུ་མེད་པའི་གནས་སྟངས་ཤིག་རེད། འོན་ཀྱང་ང་ཚོ་ལ་རེ་བ་དང་སེམས་ཤུགས་ཡོད་པའི་ཐོག ༸རྒྱལ་བ་རིན་པོ་ཆེ་བཀའ་དྲིན་ལ་བརྟེན་ནས་བོད་དང་བོད་པའི་འཐབ་རྩོད། བོད་མི་རིགས་ཀྱི་སྒྲིག་འཛུགས་ཡོད་པའི་ཐོག་ནས་བོད་ཀྱི་འཐབ་རྕོད་མུ་མཐུད་ནས་གནང་དང་གནང་མུས་རེད། དེ་ནི་ང་ཚོ་སྤོབས་པ་སྐྱེས་དགོས་པ་ཞིག་རེད། དེ་ནང་བཞིན་ང་ཚོར་ལས་འགན་ཡོད་པ་ཤེས་དགོས། ལས་འགན་དེ་ཡང་ཆུ་ཚོད་༩་ནས་བོད་དོན་ཐོག་ལས་ཀ་བྱས་ནས་ཆུ་ཚོད་༥་ལ་ཚར་བ་ལྟ་བུ་མིན་པ། ང་ཚོ་བོད་ལ་ལོག་རྒྱུ་དང་ལོག་ཐུབ་པའི་བསམ་བློ་འཁྱེར་ནས་ལས་ཀ་བྱེད་དགོས། དེ་བཞིན་བོད་ནི་ལོ་རྒྱུས་ཐོག་རང་བཙན་ཡིན་པ་ནི་དངོས་ཡོད་རེད། བོད་རྒྱ་འབྲེལ་མོལ་ཡོང་བར་རྒྱ་གཞུང་གིས་༸རྒྱལ་བ་རིན་པོ་ཆེ་ལ་ཆ་རྐྱེན་ཞིག་བཏོན་ཡོད་པ་ནི་བོད་དེ་རྒྱ་ཁོངས་ཡིན་པར་གསལ་བསྒྲགས་བྱེད་དགོས་ཟེར་བ་དེ་རེད། ༸རྒྱལ་བ་རིན་པོ་ཆེ་ཡིས་ག་དུས་ཡིན་ཡང་དེར་ངོས་ལེན་གནང་མ་རེད། ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ལོ་རྒྱུས་དེ་ངོས་ཀྱིས་འགྱུར་བ་གཏོང་ཐུབ་ཀྱི་མ་རེད་གསུངས་ཡོད། དེ་བཞིན་བོད་ཀྱི་འཐབ་རྩོད་ཁྲོད་བདེན་པ་ཆེ་ཤོས་དེ་བོད་དང་རྒྱ་གཉིས་ཐ་དད་ཡིན་པ་དེ་རེད། ང་ཚོ་བོད་པའི་གནས་སྟངས་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིས་བོད་བཙན་འཕྲོག་བྱས་པ་མ་ཟད། ད་དུང་བོད་དེ་ཁོས་ཡིན་མདོག་མདོག་བྱས་ནས་ཚུར་ལ་རྫིག་རྫིག་བྱེད་ཀྱི་ཡོད། ང་ཚོའི་ཕ་མ་སྤུན་མཆེད་བོད་ནང་ལྷག་བསྡད་པ་རྣམས་ལའང་སྡུག་པོ་བཏང་། ས་དེ་ང་ཚོ་ཡིན་པའི་དཔག་རྟགས་ནི་བོད་རང་བཙན་རྒྱལ་ཁབ་ཡིན་པའི་དཔག་རྟགས་ཀྱི་ཡིག་ཆ་དེ་དག་རེད། བོད་ཀྱི་བདག་པོ་བོད་མི་རེད། བོད་ཆོལ་ཁ་གསུམ་གྲུབ་པའི་ངོ་བོ་དེ་བོད་རེད། ང་ཚོ་ཚང་མ་ལོ་རྒྱུས་མཁས་པ་ཡིན་དགོས་མེད་ཀྱང་། ང་ཚོར་ག་རེ་དགོས་རེད་ལབ་ན་ང་ཚོ་བོད་པ་ཡིན་པའི་སྤོབས་པ་དགོས། ང་ཚོའི་ནུས་པ་གང་རེད་ཟེར་ན་ཆིག་སྒྲིལ་གྱི་ནུས་པ་དེ་རེད། ཆིག་སྒྲིག་གི་ནུས་པ་དེ་བོད་ཀྱི་བདེན་མཐའ་སེལ་བར་གཙོ་བོ་དེ་ཆགས་བསྡད་ཡོད་རེད། ཅེས་སོགས་གསུངས་ནས་ཆིག་སྒྲིག་གི་གལ་ཆེན་རང་བཞིན་སྐོར་ལ་གསུང་བཤད་གནང་སོང་།

མཐའ་མར། ༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་ནས་བཀའ་སློབ་གསུང་བཤད་གནང་དོན། གཞོན་སྐྱེས་ཞེས་པ་དེ་དམིགས་བསམ་ནུས་པ་ཡོད་པའི་མི་རབས་ཤིག་ཆགས་བསྡད་ཡོད་རེད། ནུས་པ་དེ་ཡང་གསར་གཏོད་ཀྱི་ནུས་པ་ཡོད་པ་དང་འཐབ་རྕོད་ཐོག་ནས་སྙིང་སྟོབས་ཡོད་པའི་མི་རབས་ཤིག་ཆགས་ཡོད། ང་ཚོ་བོད་ཀྱི་འཐབ་རྩོད་དེ་དུས་རབས་ཉི་ཤུ་དཀྱིལ་ནས་འགོ་བཙུགས་ཤིག་དང་དུས་རབས་ཉེར་གཅིག་ནང་རྒྱུན་མཐུད་དགོས་པ་དང་རྒྱུན་གནས་པ་ཞིག་ཡིན། བརྡ་འཕྲིན་བརྒྱུད་ནས་བོད་དོན་དྲིལ་བསྒྲགས་བྱ་རྒྱུ་སོགས་པའི་དུས་རབས་དང་མཐུན་པའི་འཐབ་རྩོད་གནང་དགོས། གཞོན་སྐྱེས་ཀྱི་སྙིང་སྟོབས་ཐོག་ནས་བཤད་ན་འཛམ་གླིང་ཤར་ནུབ་གང་གཟིགས་ཀྱང་གཞོན་སྐྱེས་ཚོས་སྣེ་ཁྲིད་པའི་ཐོག་ནས་དབང་ཆ་གཅིག་སྡུད་པར་འཐབ་རྩོད་དང་། རང་དབང་དང་དམངས་གཙོར་སྲུང་སྐྱོབ་བྱས་དང་བྱེད་བཞིན་པ། དེར་ནུས་པ་དང་གྲུབ་འབྲས་ཐོན་དང་ཐོན་བཞིན་པ་རེད། ཉེ་བའི་ཆར་ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་ནང་དུའང་གཞོན་སྐྱེས་ཚོས་སྣེ་ཁྲིད་ནས་བཟང་བའི་ཕྱོགས་འགྱུར་ཐེབས་ཡོད། ང་ཚོ་བོད་པར་མཚོན་ན་འདས་པའི་དུས་ནང་བོད་ཕྱི་ནང་གཉིས་ཀྱི་གཞོན་སྐྱེས་ཚོས་སྣེ་ཁྲིད་པའི་ཐོག་ནས་༸རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་སྒྲུབ་པ་དང་། བོད་ཀྱི་རིག་གཞུང་དང་བཅས་པ་བོད་ཀྱི་བསྟན་པ་ཆབ་སྲིད་ཆེད་དུ་གྲུབ་འབྲས་ཐོན་གནང་ཡོད་རེད་ལ་ཐུགས་འགན་བཞེས་གནང་ཡོད། ཅེས་དང་།

རིན་པོ་ཆེ་ཡིས་མུ་མཐུད་ནས་གསུང་དོན། དམིགས་བསལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གྲུབ་ཆ་ནི་གཞོན་སྐྱེས་ཙམ་དུ་མ་ཟད། ཆོལ་ཁ་དབྱེ་མེད་དང་ཆོས་ལུགས་དབྱེ་མེད། ཕོ་མོ་དབྱེ་མེད་གྲུབ་པའི་ཚོགས་པ་ཡིན་ཙང་ཧ་ཅང་རྩ་ཆེན་པོ་ཆགས་ཡོད། ད་ལྟའི་བོད་ནི་རྒྱ་དམར་གཞུང་གི་བཙན་འོག་ཏུ་ཧ་ཅང་ཛ་དྲག་གི་གནས་སྟངས་ཆགས་ཡོད། དེའི་ཐོག་ང་ཚོར་དཀའ་ངལ་འཕར་མ་ཞིག་འཕྲད་བཞིན་པ་ནི་ནང་ཁུལ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་མེད་པའི་གནས་སྟངས་རེད། ང་ཚོས་ཕར་རྒྱ་གཞུང་ལ་འཐབ་རྩོད་བྱེད་པའི་ཚབ་ལ་ནང་ཁུལ་ཕན་ཚུལ་འཐབ་རྩོད་བྱེད་དགོས་པ་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་དེ་ཚང་མ་མཁྱེན་གསལ་རེད། དུས་ཚོད་འདི་འདྲའི་སྐབས་ལ་མཐུན་སྒྲིལ་རྡོག་རྩ་ཧ་ཅང་གལ་ཆེན་པོ་རེད། དེ་ནི་ང་ཚོ་མ་འོངས་པའི་འཐབ་རྩོད་དང་། བོད་གཞིས་བྱེས་མཉམ་འཛོམས་ཡོང་བའི་ནུས་པ་གཙོ་བོ་ཞིག་ཆགས་བསྡད་ཡོད་རེད། གཞོན་ནུ་ལྷན་ཚོགས་ཀྱི་སྡིངས་ཆ་འདི་སྤྱི་ཚོགས་དེ་གཅིག་ཏུ་སྒྲིལ་ཐུབ་པའི་སྡིངས་ཆ་ཞིག་དང་གོ་སྐབས་ཡོད་པའི་སྡིངས་ཆ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན། ཚང་མས་བོད་པ་ང་ཡིན་བསམ་པའི་བསམ་བློ་དང་། བོད་ཀྱི་གཞོན་སྐྱེས་ཤིག་ཡིན་བསམ་པའི་བསམ་བློ། མ་འོངས་པ་འགན་འཁྱེར་མཁན་ཞིག་ཡིན་བསམ་པའི་བསམ་བློ་དགོས། ང་ཆོལ་ཁ་འདིའི་ཁོངས་སུ་གཏོགས་པ་དང་ལུང་ཚན་འདིའི་ཁོངས་སུ་གཏོགས་པ་དེ་གཙོ་བོ་མི་ཡིན་པ། བོད་པ་ཞིག་ཡིན་པའི་འདུ་ཤེས་བཞག་པའི་ཐོག་ནས་མ་འོངས་པར་ཕྱག་ལས་གནང་བའི་སྐབས་སུ་ནུས་པ་གཅིག་ཏུ་སྒྲིལ་བའི་ཐོག་ཐུགས་འཁུར་བཞེས་དགོས། ཞེས་བཀའ་སློབ་ལམ་སྟོན་གནང་སོང་།

གཞན་ཡང་། སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་རྣམས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བོད་ཡིག་ཉམས་ཞིབ་པའི་བརྩམས་གནང་བ་དང་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་དང་དབྱིན་ཇི་ཉམས་ཞིབ་པ་ཟུར་པ་དཀོན་མཆོག་ནོར་བུ་ལགས་གཉིས་ནས་དབྱིན་བསྒྱུར་ཞུས་པའི་དཔལ་ལྡན་དགའ་ལྡན་ཕོ་བྲང་དུས་སྐབས་ཀྱི་རང་བཙན་ཁུང་བསྐྱལ་ལོ་རྒྱུས་དེབ་དབུ་འབྱེད་གནང་སོང་། དེ་བཞིན་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐབས་ ༡༧ པའི་དབུས་རྒྱུན་རྣམ་པ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་ས་གཉིས་སུ་ཞབས་ལོ་ ༡༥ ཧྲིལ་པོ་རྒྱུན་ལས་གནང་སྟེ་ཞབས་ཞུ་སྒྲུབ་གནང་མཁན་རྣམས་ལ་ཕྱག་རྟགས་གསོལ་བསྩལ་གནང་སོང་། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་དང་རང་བཙན་གཟེངས་རྟགས། དམིགས་བསལ་ཆེ་བསྟོད་གཟེངས་རྟགས་སོགས་གསོལ་བསྩལ་གནང་སོང་། བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་རྩེ་ཕུད་གསུམ་ལ་ཕྱག་རྟགས་གསོལ་བསྩལ་གནང་སོང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་བཀའ་ཟུར་སྐུ་ངོ་བློ་བཟང་སྙན་གྲགས་མཆོག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབྱིན་བོད་གཉིས་ཀྱི་ལོ་འཁོར་རང་བཙན་དུས་དེབ་དབུ་འབྱེད་གནང་སོང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་ནས་དབུ་འབྱེད་མཛད་སྒོ་གྲོལ་སོང་།