03
Wed, Dec
5 རྩོམ་གསར།

རྒྱ་གཞུང་གིས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙན་གྱིས་སྒོ་རྒྱག་བཅུག་འདུག

མགོ་ལོག་རྭ་རྒྱ་དུ་ཡོད་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས། སློབ་མ་རྣམས།

བོད་ཡུལ།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༤ ཟླ ༧ ཚེས་༡༤ ཉིན། རྒྱ་གཞུང་གིས་མགོ་ལོག་རྭ་རྒྱ་དུ་ཡོད་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ངམ་རྭ་རྒྱ་སློབ་གྲྭ་བཙན་གྱིས་སྒོ་རྒྱག་བཅུག་འདུག སློབ་གྲྭ་འདི་ནི་ཕྱི་ལོ་༡༩༩༤་ལོར་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་བཙུགས་གནང་བ་ཅིག་ཡིན་ཞིང་། སློབ་གླིང་དེའི་ནང་དུ་བོད་མདོ་དབུས་ཁམས་ནས་ཕེབས་པའི་སློབ་མ་མང་པོ་ཞིག་རང་མི་རིགས་ཀྱི་སྐད་དང་ཡིག་གེ ཆོས་དང་རིག་གཞུང་། གསོ་རིག་དང་ལག་རྩལ་སོགས་བསླབས་ནས་གསོ་སྐྱོང་གནང་བཞིན་ཡོད་འདུག སློབ་གླིང་འདི་སྒོ་བརྒྱབ་པ་ནི་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སྒོ་བརྒྱབ་པ་རེད་ཅེས་བརྗོད་བཞིན་འདུག

དེ་ཡང་། ཕྱི་ལོ་༢༠༢༤ ཟླ་ ༧ ཚེས་༡༤ ཉིན། སློབ་གྲྭ་དེའི་དགེ་རྒན་གྱེ་ལིང་འཇིགས་མེད་ལགས་ཀྱིས་གསལ་བསྒྲགས་སྤེལ་དོན། མདང་དགོང་ནས་དེ་རིང་བར་ཐག་ཉེ་རིང་ནས་ཁ་པར་ཡོང་མཁན་དང་སྐད་འཕྲིན་ཡོང་མཁན་ཧ་ཅང་མང་ལ། ཁ་པར་མང་བོ་ཞིག་བླངས་ན་སྐད་ཤུགས་ཆེན་པོས་ངུ་ཡོང་བ་དང་། སློབ་གླིང་ལ་གནས་ཚུལ་ཅི་ཞིག་བྱུང་བ་རེད་ཟེར་ནས་འདྲི་བ་སོགས་སྣ་ཚོགས་བྱུང་བ་བཞིན། སློབ་གླིང་གི་དགེ་བའི་བཤེས་གཉེན་རྣམ་པ་དང་དགེ་གྲོགས་གཞན་དག་ལའང་མདང་ནུབ་གཉིད་དུ་མ་བཅུག་ཐལ་ཟེར་མཁན་མང་བོ་འདུག དོན་དངོས་ནི་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་སྒྲུབ་བཞིན་པའི་མགོ་ལོག་ཁུལ་འཇིགས་མེད་རྒྱལ་མཚན་མི་རིགས་ལས་རིགས་སློབ་གྲྭ་འདི་མཚོ་སྔོན་ཞིང་ཆེན་ཏང་ཨུད་ཀྱི་ཡིག་ཆའི་དགོངས་པ་ལྟར་ད་ནས་བཟུང་སྒྲུབ་མཚམས་བཞག་པ་རེད། ཚེས་བཅུ་གཉིས་ཉིན་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གིས་དགེ་སློབ་ཡོངས་ལ་གནས་ཚུལ་འདི་གསལ་བཤད་གནང་བ་ནས་ད་ལྟའི་བར་དགེ་སློབ་ཚང་མའི་ཡིད་སེམས་བློང་བློང་བོར་གྱུར་ཅིང་། སློབ་མ་ཚོར་གང་ནས་འཕྲད་ཀྱང་མཆི་མ་འབྱིན་པའི་སྣང་ཚུལ་མང་བོ་མཐོང་། ཁོང་གིས་གསུང་རྒྱུར། ང་ཚོས་ད་ལྟའི་བར་རྒྱལ་ཁབ་སྤྱིའི་ཁ་ཕྱོགས་དང་། སྲིད་ཇུས་ཀྱི་ཁ་ཕྱོགས་སོགས་ལ་བསྟུན་ནས་ཡོང་བ་ཡིན་ལ། མ་འོང་བ་ནའང་ལམ་ཕྱོགས་དེ་ཁོ་ན་ལྟར་འགྲོ་དགོས་ཚུལ་དང་། སློབ་མ་ཚོས་ཀྱང་རང་རང་གི་མི་ཚེའི་དམིགས་ཡུལ་མ་བོར་བར་མུ་མཐུད་དུ་སློབ་སྦྱོང་ལ་འབད་པ་བྱ་རྒྱུ་དང་། གོ་སྐབས་གང་ཡོད་འཆོར་དུ་མ་བཅུག་པར་དམ་འཛིན་གནང་དགོས་ཚུལ་སོགས་བསླབ་བྱ་མང་བོ་གནང་སོང་། དེ་རིང་ང་ཚོས་སློབ་མ་ཚང་མར་མཐའ་མཇུག་གི་སྐྱེལ་མ་ཞུས་པ་ཡིན། གདོང་ཡོངས་མཆི་མས་སྦངས་ཤིང་། ངུ་སྐད་དི་རི་རི་འབྱིན་པའི་སློབ་མ་དག་གི་ངང་ཚུལ་དེ་མཐོང་ན་སེམས་ལ་བཟོད་གླགས་བྲལ་བའི་ཟུག་གཟེར་སྐྱེ་ཡོང་མོད། ཐམས་ཅད་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་འབའ་ཞིག་ལས་བྱུང་བ་ཡིན་པས་བཟློག་ཐབས་བྲལ། འདུས་བྱས་ཀྱི་ཆོས་ཉིད་སེམས་ལ་འཛིན་རོགས་ཟེར་རྒྱུ་ལས་གཞན་པའི་སྐད་ཆའང་མི་འདུག མདོར་ན་གནས་ཚུལ་ནི་དེ་བཞིན་ཡིན་པས། ད་ནི་ངེད་ཅག་མི་སྒེར་ལ་འདིའི་སྐོར་ནས་སྐད་ཆ་མ་འདྲི་རོགས། ཉིན་འདི་དག་ལ་དངོས་གནས་སྐད་ཆ་ཅི་ཡང་བཤད་མི་འདོད། གནས་ཚུལ་ཞིབ་ཕྲ་རྣམས་རྗེས་སོར་ག་ལེར་ཤེས་ཡོང་ངེས། ཞེས་བཀོད་འདུག

གོང་ཚེས་ཉིན་ལ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་སྒོ་བརྒྱབ་པའི་བརྙན་དང་པར། དེ་བཞིན་གནས་ཚུལ་བཅས་རིམ་བཞིན་ཐོན་སླེབས་སོང་། བརྙན་དེ་དག་གི་ནང་དུ་རྭ་རྒྱ་སློབ་གྲྭའི་དགེ་རྒན་རྣམས་ཀྱིས་སློབ་མ་རྣམས་མཐའ་མཇུག་གི་བྱེད་སྒོ་ཤིག་ཚོགས་ནས་སྐྱེལ་མ་གནང་བཞིན་འདུག སྐབས་དེར། སློབ་མ་རྣམས་རང་དབང་མེད་པ་སེམས་སྐྱོ་བའི་མིག་ཆུ་གཏོང་བཞིན་ངུ་ངག་སྒྲོག་བཞིན་འདུག བརྙན་པར་འདི་དག་མཐོང་དུས་བོད་གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་ཀྱིས་དྲ་ཐོག་ནས་བློ་ཕམ་དང་སེམས་སྐྱོ་བའི་རྣམ་འགྱུར་ཧ་ཅང་མང་པོ་བཏོན་སོང་། བོད་མདོ་དབུས་ཁམས་གསུམ་གྱི་སློབ་མ་རྣམས་རང་མིགས་ཀྱི་སྐད་ཡིག་དང་རིག་གཞུང་། སྲོལ་རྒྱུན། ཆོས་སོགས་ཀྱི་ལམ་ནས་གཅེས་སྐྱོང་བྱས་དང་བྱེད་བཞིན་པའི་སློབ་གླིང་འདི་ལྟ་བུ་རྒྱ་གཞུང་གིས་བཙན་གྱིས་སྒོ་བརྒྱབ་པ་ནི་མི་རིགས་ཀྱི་སྐད་རིག་དང་རིག་གཞུང་སྒོ་བརྒྱབ་པ་རེད་ཅེས་བློ་ཕམ་ངང་བརྗོད་བཞིན་འདུག

བོད་མི་ཞིག་གིས་བརྗོད་དོན། རྭ་རྒྱ་སློབ་གྲྭའི་སློབ་མ་དང་སློབ་ཟུར་རྣམས་ཀྱིས་ངུ་ངག་ཁྲོད་ནས་རྒྱ་གཞུང་གིས་སློབ་གྲྭ་དེ་བཙན་གྱིས་སྒོ་རྒྱག་བཅུག་སོང་། འདི་ནི་ཁོང་ཚོར་བཞག་པའི་རྨ་ཁ་ཆེན་པོ་ཞིག་རེད་ལ་བོད་མི་རིགས་ལ་བཞག་པའི་རྨ་ཁ་དང་གྱོང་གུད་ཆེན་པོ་ཞིག་རེད།

བོད་མི་གཞན་ཞིག་གིས་བརྗོད་དོན། རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་བཙུགས་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་སྒོ་བརྒྱབ་པའི་གཏན་ངན་ཐོས། མི་རིགས་རིག་གནས་ཀྱི་སློབ་གླིང་སྒོ་བརྒྱབ་པ་ནི། མི་རིགས་ཀྱི་བསམ་བློ་དང་འདུ་ཤེས་སྒོ་བརྒྱབ་པ་ཡིན། རང་རིགས་ཀྱི་སྐད་ཡིག་སྦྱོང་བར་བཀག་རྒྱ་བྱས་པ་ནི། རང་རིགས་འཆི་ལམ་དུ་རྫོང་བའི་མུ་གེའི་དུས་ངན་སླེབས་པ་ཡིན། བློ་ཕམ། སེམས་སྐྱོ། ཡིད་ཕངས། ཞེས་དང་།

བོད་ནང་གི་བོད་མི་ཞིག་གིས་མདོ་དབུས་ཁམས་གསུམ་ཀུན་ཏུ་དྲོད་ཁོལ་སྟེར་མྱོང་བའི་ཉི་མ་གཞོན་ནུ་ཁྱོད་ལ་གློ་བུར་སྤྲིན་གྱིས་བསྒྲིབས་པ་ལས། གཏན་དུ་ནུབ་རིར་བཞུད་པ་མིན་པར་སྨོན། ཞེས་བྲིས་འདུག ཡང་བོད་མི་གཞན་ཞིག་གིས་དུས་ཚིགས་དབྱར་ཁ་ཚེས་ཀྱང་། ནང་སེམས་སུ་ཙག་རླུང་ལྡང་ཞིང་ཁ་བ་བབས། དོན་ལ་སྨྲ་ལྕེ་བཅད་པ་དང་འདྲ་བར། འཇིགས་ཤིང་ཡ་བར་གྱུར། ཞེས་བྲིས་འདུག ད་དུང་བོད་མི་གཞན་ཞིག་གིས་ལོ་ངོ་སུམ་བཅུའི་རླབས་ཆེ་བའི་བྱ་བཞག་ཉིད་ད་ནི་ཁ་སང་གི་ལོ་རྒྱུས་ཙམ་དུ་གྱུར་བ་སྐྱོའོ། ཞེས་བྲིས་འདུག

བོད་ནང་གི་བོད་མི་ཞིག་གིས་ཤེས་དཔལ་གྱི་བརྟེན་གནས། སྐབས་རེ་ངས་ཁྱོད་རང་གློ་བུར་དུ་བོར་འགྲོ་བར་ཧ་ཅང་དངངས་སྐྲག་སྐྱེས་བྱུང་། ཟིང་ཟིང་གི་ཁོར་ཡུག་དེ་ནས། ཡང་ན་སློབ་ཆུང་གི་སྒོ་ཐེམ་རེ་ན་ཡང་དག་པའི་ཁྱེད་ཉིད་མཇལ་བར་དཀོན་པས་རང་དབང་མེད་པར་ཁྱོད་ཀྱིས་དོན་དུ་སེམས་ཁྲེལ་མི་སྐྱེ་ཀ་མེད་དུ་བྱུང་སོང་། ཚེ་སྲོག་གི་དབྱངས་རྟ་གསོན་པོ་ཁྱེད་གློ་བུར་དུ་འཇིག་རྟེན་འདི་ནས་བོར་བརླག་ཏུ་སོང་ཚེ། ང་ཚོས་མི་རབས་རྗེས་མ་ཅི་ཞིག་ལ་བརྟེན། ང་ཚོས་མ་འོངས་པ་འཚོ་བ་ཇི་ལྟར་འབྲི། མི་རིག་ཤིག་གི་གྲལ་མགོ་ན་འབག་སྐུ་བཞིན་འགྱིང་བའི་མི་བུ་ཚོ་རང་ཉིད་ཀྱི་གླ་ཕོག་དང་རྐུབ་སྟེགས་ཤིག་གིས་ཆེད་དུ་མི་རིགས་ཤིག་གི་མཐུན་མོང་མ་ཡིན་པའི་སྐད་ཆའི་ཚེ་སྲོག་དང་མི་རིགས་ཤིག་གི་མ་འོངས་པ་མེད་བརླག་ཏུ་མ་གཏོང་རོགས། ཞེས་བྲིས་འདུག

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནང་དུ་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག ཚན་རིག ནང་ཆོས། གསོ་བ་རིག་པ། རྩིས་རིག རྫས་སྦྱོར་རིག་པ། གློག་ཀླད། ལག་རྩལ་སོགས་སློབ་ཀྱི་ཡོད་འདུག སློབ་གྲྭ་དེའི་ནང་ནས་ཐོན་པའི་སློབ་མ་ནི་གཞན་གྱི་སློབ་གྲྭ་ནས་ཐོན་པའི་སློབ་མ་དང་མི་འདྲ་བ་དམིགས་བསལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་དགའ་བ་དང་བསམ་བློ་གཏོང་ཕྱོགས་ལེགས་པོ་ཡོད་ཅིང་། ཕ་མ་རྣམས་ཀྱིས་ཀྱང་རང་ཉིད་ཕྲུ་གུ་སློབ་གྲྭ་དེའི་ནང་དུ་གཏོང་རྒྱུ་དགའ་མཁན་དང་འདོད་མཁན་རྐྱང་ཡིན་འདུག སློབ་གླིང་འདི་སྒོ་བརྒྱབ་པའི་གནས་ཚུལ་ཐོན་དུས་ཕ་མ་ཞིག་གིས་ཨ་ཁ་་ལོ་རྗེས་མ་ངས་ངའི་ཕྲུ་གུ་སློབ་གྲྭ་དེར་གཏོང་དགོས་བསམས་ནས་བསྡད་ཡོད་ཅེས་བྲིས་འདུག

སློབ་གླིང་འདི་ནི་རྒན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་དཀའ་ལས་མང་པོ་བརྒྱབས་ནས་རྒྱ་གཞུང་གི་ཆོག་མཆན་ཐོབ་པའི་འོག་ནས་བཙུགས་པ་ཞིག་ཡིན་པ་དང་། ཁོང་རང་ཉིད་ཀྱི་ཨ་མའི་རྒྱན་ཆ་འཚོང་བ་དང་བླ་མ་དང་དགེ་འདུན་པ་ཁག་ཅིག་གི་རོགས་རམ་དང་དཀའ་ལས་བརྒྱབས་ནས་སློབ་ཁང་ཁ་ཤས་ཤིག་བརྒྱབས། དེ་ནས་རིམ་བཞིན་སློབ་མ་མང་རུ་སོང་ནས་སློབ་གྲྭ་རྒྱ་བསྐྱེད་དང་ཡར་རྒྱས་བཏང་ཡོད་འདུག ཕྱི་ལོ་༡༩༩༤་ནས་༢༠༢༤་བར་སློབ་མ་སློབ་མ་༢༥༠༠་ཡས་མས་ཐོན་ཡོད་ཅིང་། དེ་དག་མང་པོ་ཞིག་སྨན་པ་དང་སློབ་གྲྭ་ཆེན་མོའི་སློབ་སྤྱི་དང་དགེ་རྒན། མགོ་ཁྲིད། ཚོང་པ། སྤྱི་ཚོགས་ནང་དུ་ཕན་ཐོགས་མཁན་སོགས་ཆགས་ཡོད་འདུག

རྒྱ་གཞུང་གིས་བོད་ནང་སྲིད་བྱུས་ངན་པ་རིམ་པ་ལག་བསྟར་བྱས་ནས་བོད་ནང་གི་སློབ་གྲྭ་མང་ཆེ་བའི་ནང་སློབ་ཡིག་སློབ་ཁྲིད་མེད་པ་བཟོས་པ་དང་། བོད་ཕྲུག་རྣམས་རྒྱ་གཞུང་གི་གཏན་སྡོད་སློབ་གྲྭ་བཙན་གྱིས་བཅུག་པ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་བཟོ་ཐབས་བྱས་དང་བྱེད་བཞིན་པ་རེད། དེ་ཡང་། རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སློབ་གྲྭ་སྒོ་བརྒྱབ་པ་དང་། སེར་ཤུལ་རྫོང་ནང་སློབ་ཆུང་དྲུག་སྒོ་བརྒྱབ་པ། དགའ་བདེ་རྫོང་ཁོངས་ཀྱི་སློབ་གྲྭ་གཅིག་སྒོ་བརྒྱབ་པ། གཅིག་སྒྲིལ་རྫོང་ཁོངས་ཀྱི་སློབ་གྲྭ་གཉིས་སྒོ་བརྒྱབ་པ། རྨ་ཆེན་རྫོང་ཁོངས་ཀྱི་སློབ་གྲྭ་གསུམ་སྒོ་བརྒྱབ་པ། སེང་འབྲུག་སྟག་རྩེ་སློབ་གྲྭ་སློབ་གྲྭ་སྒོ་བརྒྱབ་པ་མ་ཟད། བོད་ཁམས་བྲག་མགོ་དགོན་པའི་དགེ་ལྡན་ནང་བསྟན་སློབ་གྲྭ་དང་ཀིརྟི་དགོན་གྱི་སློབ་གྲྭ་བཅས་ཀྱང་བཙན་གྱིས་སྒོ་བཅུག་ཡོད།