13
Thu, Jun

ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༡༩ ཉིན། བཞུགས་སྒར་རྡ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་དབུ་འཛུགས་གནང་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༡༩ ཉིན། བཞུགས་སྒར་རྡ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སོག་པོ་གཙོས་པའི་དད་ལྡན་སེར་སྐྱ་མི་མང་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་དབུ་འཛུགས་གནང་སོང་། སྐབས་དེར། ༸གོང་ས་མཆོག་གིས་ཤེས་པའི་རྒྱུན་གྱི་ཆ་ནས། ཁྲི་སྲུང་ལྡེའུ་བཙན་གྱི་སྐྱེ་བ་ཡིན་པ་རྟགས་དང་རྨི་ལམ་ནས་གསལ་པོར་བསྟན་ཡོང་གི་འདུག” ཅེས་གསུངས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སོག་པོའི་བླ་མའི་དགེ་རྒན་གྱི་གསུང་ཆོས་གོ་སྒྲིག་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་དབུ་འཛུགས་གནང་སོང་། གསུང་ཆོས་འདི་ནི་ཟླ་འདིའི་ཚེས་༡༩་དང་༢༠ ཡིན་པ་དང་། སོག་པོ་དང་ནང་པའི་རྒྱལ་ཁབ་ཁག་ནས་ཕེབས་པའི་དད་ལྡན་སེར་སྐྱ་མི་མང་གཙོས་བོད་མི་དང་ཕྱི་རྒྱལ་བ་ཁྱོན་མི་གྲངས་སྟོང་ཕྲག་འགའ་༸གོང་ས་མཆོག་གི་གསུང་ཆོས་ཞུ་བར་བཅར་འདུག

སྐབས་དེར། མགོན་པོ་ཉིད་ཀྱིས་ཐུགས་ཚོར་བ་ཆེན་པོ་དང་ནན་ཏན་གྱི་སྒོ་ནས་སེར་སྐྱ་མི་མང་ལ་གསུང་དོན། ངོས་རང་ཨ་མདོ་སྐུ་འབུམ་ཡུལ་ནས་སྐྱེས་ནའང་། ཤེས་པའི་རྒྱུན་གྱི་ཆ་ནས། ཁྲི་སྲུང་ལྡེའུ་བཙན་གྱི་སྐྱེ་བ་ཡིན་པ་རྟགས་དང་རྨི་ལམ་ནས་གསལ་པོར་བསྟན་ཡོང་གི་འདུག ཆོས་རྒྱལ་ཁྲི་སྲུང་ལྡེའུ་བཙན་གྱིས་ལམ་སྟོན་མཛད་གནང་ཡོད་པའི་སངས་རྒྱས་པའི་བསྟན་པ་འདི་ད་ལྟ་ངོས་རང་ཚོས་ཉམས་ལེན་ལག་བསྟར་དང་འཛིན་སྐྱོང་བདག་པོ་རྒྱག་གི་ཡོད་ཅེས་ཀྱང་གསུངས་པར་མ་ཟད། ད་དུང་ཡང་མུ་མཐུད་ནས་ལོ་བརྒྱ་དང་བཅུ་གྲངས་སུ་བསྡད་ནས། བསྟན་པ་དང་འགྲོ་བའི་དོན་དུ་ཧུར་བརྩོན་གནང་གི་ཡིན་པ་དང་། ཆོས་གྲོགས་ཕོ་མོ་ཚོས་ཀྱང་དེ་བཞིན་གྱིས་ཧུར་ཐག་གནང་དགོས་ཚུལ་གྱི་བཀའ་སློབ་ལམ་སྟོན་ཟབ་མོ་གནང་རྗེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་དབུ་འཛུགས་གནང་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།