29
Mon, Apr

ཕྱི་ལོ་༢༠༢༣ ཟླ་༨ ཚེས་༡༨ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཤམ་ཕྱོགས་སྡེ་ཁག་མཁར་རྩེ་རི་ལྗོངས་ལ་ཆིབས་བསྒྱུར་བསྐྱངས་སྐབས། པར། བསྟན་འཛིན་ཆོས་འབྱོར།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ཟླ་༨ ཚེས་༡༨ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཤམ་ཕྱོགས་སྡེ་ཁག་མཁར་རྩེ་རི་ལྗོངས་ལ་དྭགས་དབུས་གཞུང་མངའ་སྡེ་ལ་དྭགས་ནང་པའི་ཚོགས་འདུའི་ཡན་ལག་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། མཁར་རྩེ་རུ་ཐད་འཕུར་གནམ་གྲུ་བརྒྱུད་ཆིབས་བསྒྱུར་བསྐྱངས་འདུག སྐབས་དེར་༸གོང་ས་མཆོག་གིས་གསུང་དོན། བདེ་སྐྱིད་ཟེར་བ་ནི། དཔལ་འབྱོར་ཡར་རྒྱས་དང་གཏམ་སྙན་གྲགས་ཀྱིས་ཕྱི་ལོགས་ནས་ཆ་རྐྱེན་ལྟ་བུར་ཡོང་གི་ཡོད་ཀྱང་། གཙོ་བོ་སོ་སོའི་སེམས་ཞི་བདེ་བྱུང་ན་བདེ་སྐྱིད་ངོ་མ་ཡོང་གི་རེད། སེམས་ལ་ཞི་བདེ་བཟོ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཚང་མས་ཤེས་གསལ་ལྟར། བྱམས་བརྩེ་་(Karuna)ནི་རྩ་བ་རེད། ཧ་ཅང་གལ་ཆེན་པོ་རེད།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་༸གོང་ས་མཆོག་ཐད་འཕུར་གནམ་གྲུ་བརྒྱུད་ནས་གཤམ་ཕྱོགས་སྡེ་ཁག་མཁར་རྩེ་རི་ལྗོངས་སུ་ཕེབས་གནང་ཡོད་འདུག སྐབས་དེ་དཔོན་རིགས་དང་མི་མང་རྣམས་ཀྱི་ཕེབས་བསུའི་མཛད་སྒོ་ཞིག་ཀྱང་ཚོགས་གནང་འདུག དེ་ནས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། གཤམ་ལྗོངས་ནང་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་ནོར་བུ་ལགས་ཀྱིས་མགོན་པོ་གང་ཉིད་མཆོག་གི་ཆིབས་བསྒྱུར་འདི་ནི་། མཁར་རྩེ་ཡུལ་ལྗོངས་པ་རྣམས་ཀྱི་མི་ལོ་བཞི་བཅུའི་རིང་གི་རེ་འདོད་མངོན་གྱུར་བྱུང་བ་ཡིན་པ་སོགས་གསུང་བཤད་གནང་རྗེས། ལམ་སྒྲོན་འཇམ་དབྱངས་སློབ་གྲྭ་དང་དྷ་ཧ་ནུའི་ཡུལ་མི་གྷུ་རི་སི་ཡི་མི་རྒྱུད་ཨརྱན་པ་སོགས་ཡུལ་མིའི་གྲོང་སྡེ་ཁག་ཅིག་གིས་རིམ་པར་འཁྲབ་གཞས་གཟིགས་འབུལ་ཞུས་འདུག

དེ་ནས་ལ་དྭགས་དགོན་པ་ཚོགས་པའི་ཚོགས་གཙོ་ཚེ་རིང་དབང་འདུས་ལགས་དང་། ལ་དྭགས་རྫོང་ཁག་ཡོངས་ཀྱི་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས་བཅས་ཀྱིས། ཟེར་ཐང་གསུང་ཆོས་ར་བ་འདི་བཞིན་ཡུལ་མི་རྣམས་ཀྱིས་ཟླ་གསུམ་རིང་གསར་བཞེངས་གྲུབ་པའི་སྐོར་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཤམ་མཁར་རྩེ་རུ་ཆིབས་བསྒྱུར་བསྐྱངས་པར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། མ་འོངས་པར་ཡང་ཡང་ཆིབས་བསྒྱུར་བསྐྱང་རྒྱུར་གསོལ་འདེབས་ཞུས་པ་སོགས་གསུང་བཤད་གནང་འདུག

དེའི་རྗེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་ས་གནས་འདིར་སླེབས་ནས་གཙོ་ཆེ་ཤོས་ཁྱོད་ཚོ་ཡུལ་མི་ཆོས་ལུགས་ག་རེ་ཡིན་མིན་དང་། ཆོས་དད་ཡོད་མེད་ལ་ལྟོས་པ་མེད་པར་ཚང་མས་སེམས་ཐག་ཉེ་བོ་དང་། དགའ་བོ་བྱས་ཏེ་འདིར་ཡོང་བ་རེད། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་རང་མི་ཞིག་ཡིན་པ་དང་། འཛམ་གླིང་གི་ས་ཁུལ་འདྲ་མིན་དུ་སླེབས་ཀྱི་ཡོད། མི་དང་མིའི་བརྩེ་བ་དེ་ཧ་ཅང་རྩ་ཆེན་པོ་རེད། འཛམ་གླིང་ཤར་ནུབ་ལྷོ་བྱང་ཡུལ་གྲུ་མང་པོར་སླེབས་ནས་མི་མང་པོར་ཐུག་ཡོད། མིའི་བརྩེ་བའི་ཐོག་ནས་འཛུམ་ཤིག་ཤིག་གིས་དགའ་བོ་བྱེད་མཁན་མང་པོ་ཡོང་དུས་ངོས་ཀྱི་སེམས་སུ་དངོས་གནས་ང་ཚོ་མི་གཅིག་གྱུར་རེད་ལ། སྐྱེས་པའི་ཉིན་མོ་ནས་མ་ཡི་བྱམས་བརྩེས་བསྐྱངས་པ་གཅིག་མཚུངས་རེད། ཆུང་དུས་ནས་མའི་བྱམས་བརྩེས་བསྐྱངས་པའི་ཚོར་བ་དེས་ག་དུས་ཡིན་ཡང་མི་དང་མི་ཐུག་པའི་སྐབས་སུ་ཕན་ཚུན་ལ་བརྩེ་བ་བྱ་རྒྱུ་ཧ་ཅང་གལ་ཆེན་པོར་མཐོང་གི་འདུག་ལ། འཛམ་གླིང་འདིར་དོ་སྣང་ཤུགས་ཆེན་པོ་ཡོང་གི་འདུག བར་སྐབས་དངོས་པོ་ཡར་རྒྱས་ཤུགས་ཆེན་པོར་ཕྱིན་ཞིང་། དངོས་པོ་ཡར་རྒྱས་ཀྱིས་ཡིད་འཕྲོག་པ་དང་། ལྷག་པར་དུ་ངའི་ལུང་པ། ཁོ་ཚོའི་ལུང་པ་ཟེར་བའི་ཐོག་ནས་ཆགས་སྡང་ཕྱོགས་རུས་ཤུགས་ཆེ་རུ་ཕྱིན། དེ་ལྟ་བུའི་ཐོག་ནས་གོ་མཚོན་ལ་དང་དོད་བྱས་ཏེ་མིས་བཟོས་པའི་དཀའ་ངལ་མང་པོ་ཞིག་ལ་འཕྲད་ཡོད། ད་ཆ་འཛམ་གླིང་འདིར་མི་མང་ཆེ་བ་གོ་མཚོན་གྱི་ཐོག་ནས་ང་དང་ཁྱོད་ཟེར་བ་ལ་ཕལ་ཆེར་ཡིད་ཐང་ཆད་ཡོད་པ་ལྟ་བུ་ཞིག་ཆགས་ཀྱི་འདུག །ང་ཚོ་སྐྱེས་པའི་སྐབས་ནས་བརྩེ་བས་བསྐྱངས་ཤིང་། མི་དང་མིའི་དབར་གཅིག་མཚུངས་ཀྱི་འདུ་ཤེས་ཐོག་ནས་བརྩེ་བ་ཡོད་པ་དེང་སང་ཏོག་ཙམ་ཤུགས་ཆེ་རུ་འགྲོ་གི་འདུག ། དེ་ཧ་ཅང་གལ་ཆེན་པོ་རེད།

ཁྱོད་ཚོ་དད་པ་དང་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་ངོས་རང་སྡོད་སའི་ཁང་པ་ཞིག་འཛུགས་བསྐྲུན་བྱས་པ་རེད། དེ་རིང་ངོས་འདིར་སླེབས་པ་དང་། སང་ཉིན་སྒྲོལ་དཀར་ཚེ་དབང་བྱ་རྒྱུ་ཡིན། དེ་ནི་ངོས་ཀྱིས་ཆོས་ཀྱི་སྐྱེས་ཡིན། ཁྱོད་ཚོ་ཚང་མར་དད་པ་དང་དམ་ཚིག་གཡོ་བ་མེད་པར་ཡོད་པ་རེད། ཆོས་ཟེར་བ་ནི་སེམས་རྒྱུད་ལ་བཟོ་བཅོས་བརྒྱབ་སྟེ། ཉོན་མོངས་དུག་གསུམ་རགས་པའི་གཞན་དབང་དུ་འགྲོ་སྡོད་པ་དེ་ག་ཚོད་ཐུབ་ཐུབ་ཀྱིས་བློ་ཞི་བ་དང་དུལ་བ་ཞིག་ཡོང་བ་ཞིག་དགོས། ངོས་རང་ལ་མཚོན་ན་ཆུང་ཆུང་སྐབས་ནས་སེམས་འདུལ་བར་དོ་སྣང་དམིགས་བསལ་བྱས་པ་དང་། གཙོ་བོ་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་མང་པོ་གཏོང་གི་ཡོད། དེའི་རྐྱེན་གྱིས་སོ་སོའི་ལུས་ཀྱི་འབྱུང་བ་ཆ་སྙོམས་པོར་སྡོད་ཐུབ་པ་དང་། གཟུགས་པོ་ཡང་བདེ་ལ་སེམས་ལ་ཞི་བདེ་ཡོང་བ་ཞིག་འདུག །ཆོས་ཟེར་བ་ནི་ཕྱི་ལོགས་ནས་སྨོན་ལམ་རྒྱག་པ་དང་། ཚོགས་ལ་འཚོགས་པ་ལྟ་བུ་མ་གཞི་ཆོས་ཕྱོགས་ཀྱི་བྱ་བ་ཡིན་ཡང་། གཙོ་བོ་སོ་སོའི་སེམས་རྒྱུད་དུལ་པོ་བྱེད་པ་ཧ་ཅང་གལ་ཆེན་པོ་རེད། ངོས་ཀྱིས་ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་གལ་ཆེན་པོ་བྱས་ཏེ་སྒོམ་གྱི་ཡོད། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱིད།། བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས།། སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར།། བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱིད།། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ཅེས་པར་ཉིན་ལྟར་བསམ་བློ་ཤུགས་ཆེན་པོ་གཏོང་གི་ཡོད། སེམས་ཀྱི་ཞི་བདེ་ཡོང་བར་ཕན་ཐོགས་ཆེན་པོ་འདུག །དེའི་ཐོག་ནས་མི་དང་སྲོག་ཆགས་ཚང་མར་བརྩེ་བ་སླེབས་པ་ཞིག་དང་། རང་གཞན་གྱིས་མིའི་ནང་དུ་འདི་ངའི་དགྲ་རེད། འདི་ངའི་གཉེན་རེད་ཟེར་བའི་བསམ་བློ་ཕལ་ཆེར་མ་ཡོང་བར་སེམས་ཅན་ཚང་མར་བརྩེ་བའི་བློ་སྐྱེ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་དང་།

བདེ་སྐྱིད་ཟེར་བ་ནི། དཔལ་འབྱོར་ཡར་རྒྱས་དང་གཏམ་སྙན་གྲགས་ཀྱིས་ཕྱི་ལོགས་ནས་ཆ་རྐྱེན་ལྟ་བུར་ཡོང་གི་ཡོད་ཀྱང་། གཙོ་བོ་སོ་སོའི་སེམས་ཞི་བདེ་བྱུང་ན་བདེ་སྐྱིད་ངོ་མ་ཡོང་གི་རེད། སེམས་ལ་ཞི་བདེ་བཟོ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཚང་མས་ཤེས་གསལ་ལྟར། བརྩེ་བ་(Karuna)ནི་རྩ་བ་རེད། ཧ་ཅང་གལ་ཆེན་པོ་རེད། ཆོས་ཕྱོགས་ནས་ཚེ་རབས་ནས་ཚེ་རབས་དང་བསྐལ་པ་ནས་བསྐལ་པ་ཞེས་ཧ་ཅང་རྒྱ་ཆེན་པོ་ཡོད་པ་རེད། དེ་ལ་བསམ་བློ་མ་འཁོར་ཡང་ཉིན་རེ་བཞིན་དུ་སྐྱེས་པ་ནས་ཨ་མས་བྱམས་བརྩེས་བསྐྱངས་པའི་ཚོར་བ་མ་ཉམས་པར་མི་སུ་དང་ཐུག་རུང་སེམས་ནས་གཅིག་མཚུངས་ཡིན། ཆོས་དད་ཡོད་ཀྱང་མེད་ཀྱང་། མ་ཡི་བརྩེ་བའི་འོག་ནས་འཚོ་བ་གཅིག་གྱུར་ཡིན་བསམ་ནས་བརྩེ་བ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྤྱི་ཚོགས་ཀྱི་གནས་སྟངས་ཇི་འདྲ་ཡིན་ཡང་། སོ་སོའི་ངོས་ནས་མ་ཡི་བརྩེ་བ་སེམས་ལ་དུས་རྒྱུན་དྲན་པར་བྱས་ཏེ་ཀུན་ལ་བརྩེ་བ་བྱ་རྒྱུ་གལ་ཆེན་པོ་རེད། ང་ཚོའི་མི་ཚེ་ནི་མ་ཡི་བརྩེ་བའི་འོག་ནས་མགོ་ཚུགས་པ་རེད། མི་ཚེ་གང་པོར་བརྩེ་བ་སེམས་ལ་བཞག་ནས་སོ་སོ་བརྩེ་བའི་ཚོར་བ་དང་ལྡན་པ་ཞིག་གི་ཐོག་ནས་འགྲོ་རྒྱུ་དང་། འཆི་བའི་སྐབས་སུ་བརྩེ་བ་དང་ལྡན་པའི་མིས་མཐའ་བསྐོར་ནས་ཕན་ཚུན་ལ་བརྩེ་བའི་ངང་གྲོངས་པ་ཡིན་ན་སེམས་ལ་ཞི་བདེ་ཡོང་གི་རེད། ཆོས་ཕྱོགས་ཀྱི་སྐད་ཆ་བཤད་པ་ཡིན་ན་དེས་ལས་ཧ་ཅང་བཟང་པོ་བསགས་ཀྱི་ཡོད། ཚེ་རབས་ནས་ཚེ་རབས་སུ་ཕན་ཐོགས་ཡོང་གི་རེད། དེ་ལྟ་བུའི་བསམ་བློ་མ་བཏང་ཡང་འཕྲལ་དུ་སེམས་ལྷོད་ལྷོད་དང་ཞི་བདེའི་ཐོག་གྲོངས་རྒྱུ་བྱུང་ན། སོ་སོའི་གྲོགས་པོ་ཚོའང་བློ་བདེ་བོའི་ངང་མི་དེ་ཤི་སྲོལ་བདེ་བོ་ཞི་བདེའི་ངང་གྲོངས་སོང་། ཞེས་སེམས་དགའ་བོ་བྱེད་པ་ཞིག་ཡོང་གི་རེད། ཆོས་ཁས་མི་ལེན་མཁན་དང་། ཆོས་ལུགས་གང་གི་རྗེས་འབྲང་ཡིན་ཡང་། མདོ་དོན་རྩ་བ་ནི་སེམས་པ་བཟང་པོ་བྱས་པ་ཡིན་ན་མི་ཚེ་དོན་ལྡན་པ་དང་། མི་ཚེ་སྐྱིད་པོ་ཡོང་གི་རེད། ཅེས་སོགས་དང་། རབ་བྱུང་ཕོ་མོ་རྣམས་ཀྱིས་ངུར་སྨྲིག་གྱོན་པ་ཙམ་གྱིས་མི་འགྲིག་པར་ཐོས་བསམ་སྒོམ་གསུམ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་བཀའ་སློབ་སྩལ་བ་དང་།

མུ་མཐུད་མགོན་པོ་ཉིད་མཆོག་གིས་མཁར་རྩེ་ཡུལ་ལྗོངས་ཀྱི་རི་བྲག་རྣམས་ལ་ལོ་ངོ་ག་ཚོད་ཅིག་ཕྱིན་ཡོད་མེད་བརྟག་དཔྱད་གནང་མཁན་ཚོས་བརྟག་ཡོད་ན་དང་། དེ་མིན་ལོ་ངོ་ག་ཚོད་ཕྱིན་ཡོད་མེད་དང་། འབྱུང་བའི་གནས་ཚུལ་ཅི་ཞིག་བྱུང་བ་ཤེས་འདོད་ཡོད་པའི་སྐོར་བཀའ་གནང་བ་དང་། མཐར། སང་ཉིན་ཞོགས་པ་སྒྲོལ་དཀར་ཚེ་དབང་འབུལ་རྒྱུ་ཡིན། ཚེ་སྒྲུབ་གཙོ་བོ་ནི་སེམས་ཀྱི་ཞི་བདེ་རེད། སེམས་ཆགས་སྡང་གི་དབང་དུ་མ་སོང་བར་སེམས་ལྷོད་ལྷོད་ཞི་བདེ་བྱུང་ན་ཚེ་རིང་པོ་ཏན་ཏན་ཡོང་གི་རེད། ཚེ་སྒྲུབ་ཡག་ཤོས་ནི་སྔགས་བགྲངས་པས་ཕན་ཐོགས་ཡོང་གི་ཡོད་ཀྱང་། གཙོ་བོ་བརྩེ་བ་ལ་དོ་སྣང་ཡག་པོ་དང་། སེམས་ཀྱི་ཞི་བདེ་ཡོང་ན་ཚེ་སྒྲུབ་ཡག་ཤོས་རེད། ངོས་རང་གི་ཉམས་མྱོང་ཐོག་ནས་བཤད་ན། ངོས་ཀྱིས་ཚེ་སྒྲུབ་མང་པོ་བྱེད་ཀྱི་ཡོད། ཡིན་ནའང་། ཚེ་སྒྲུབ་གཙོ་བོ་ནི་སེམས་ལྷོད་ལྷོད་སྡོད་པ་དང་། བྱམས་བརྩེའི་དབང་གིས་སེམས་ཀྱི་ཞི་བདེ་གནས་པ་ནི་ཚེ་སྒྲུབ་ཡག་ཤོས་རེད། སང་ཞོགས་ཆུ་ཚོད་བརྒྱད་པ་ནས་སྒྲོལ་དཀར་ཚེ་སྒྲུབ་བྱ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་རྗེས་གྲོས་ཚོགས་འཐུས་མི་བློ་བཟང་ཤེས་རབ་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་། མཁར་རྩེ་ཡུལ་དུ་ཕེབས་བསུའི་མཛད་སྒོ་ལེགས་པར་གྲུབ་རྗེས་ཟེར་ཐང་རྒྱལ་བའི་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད་འདུག

ཡོངས་ཁུངས། ༸རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

བོད་ཀྱི་ལོ་རྒྱུས་ཡིག་ཆ།