28
Sun, Apr

ཕྱི་ལོ ༢༠༢༣ ཟླ་༨ ཚེས་༡༠ ཉིན། རྡ་ས་མོག་གྷན་དུ་བོད་མི་ཚོས་མར་མེའི་ཁྲོམ་སྐོར་བྱེད་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ ༢༠༢༣་ཟླ་༨ ཚེས་༡༠ ཉིན། བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གསུམ་གྱིས་རྒྱལ་སྤྱིའི་བཙོན་པའི་དྲང་བདེན་གྱི་ཉིན་མོ་དང་བསྟུན་ནས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ལ་དྲང་བདེན་དགོས་པའི་འབོད་སྐུལ་དང་སྦྲགས། ཉེ་ཆར་རྒྱ་གཞུང་གིས་མནར་གཅོད་བཏང་ནས་འདས་གྲོངས་སུ་ཕྱིན་པའི་ཆབ་སྲིད་བཙོན་ཟུར་བློ་བཟང་བསྟན་པ་ལགས་ལ་མྱ་ངན་གུས་འདུད་ཞུས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཕྱི་དྲོར། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག རྡ་ས་བོད་མི་རྣམས་ཀྱིས་རྡ་ས་མོག་གྷན་སྤྱི་ཐང་དུ་རྒྱལ་སྤྱིའི་བཙོན་པའི་དྲང་བདེན་གྱི་ཉིན་མོ་མར་མེ་ཁྲོམ་སྐོར་ལམ་ནས་སྲུང་བརྩི་ཞུས་སོང་།

བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་རྒྱལ་སྤྱིའི་བཙོན་པའི་དྲང་བདེན་གྱི་ཉིན་མོ་དང་འབྲེལ་ནས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ། རྒྱ་ནག་དམར་པོའི་གཞུང་གིས་བོད་ནང་གི་ཆབ་སྲིད་བཙོན་པ་གྲངས་ལས་འདས་པར་འགྲོ་བ་མི་ཞིག་ལ་ཉེར་མཁོའི་གཞི་རྩའི་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་དྲག་གནོན་ཅན་གྱི་བྱ་སྤྱོད་སྤེལ་བ་རྣམས་ལ་ནམ་ཡང་བཟོད་ཐབས་བྲལ་བའི་དངོས་ཡོད་གནས་སྟངས་རྣམས་ཀྱིས་གོ་ལ་ཧྲིལ་པོར་ཁྱབ་བསྒྲགས་ཆེད་དུ་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་འདི་སྤེལ་གྱི་ཡོད། ཅེས་དང་།

ལྷག་དོན་དུ་ཐེངས་འདི་རྒྱལ་སྤྱིའི་བཙོན་པའི་དྲང་བདེན་གྱི་ཉིན་མོ་སྲུང་བརྩི་ཞུས་པ་དང་འབྲེལ། ཕྱི་ལོ་༡༩༥༩ ལོར་རྒྱ་ནག་དམར་པོའི་གཞུང་གིས་བོད་དུ་དྲག་པོའི་བཙན་འཛུལ་བྱས་པ་ནས་བཟུང་སྟེ་དུས་ད་ལྟའང་བོད་ནི་བཙོན་ཁང་ལྟ་བུ་གྱུར་ཡོད་པ་དང་། ད་ལྟར་བོད་ནང་གི་དངོས་ཡོད་གནས་བབ་ནི་དོགས་སྲུང་བྱ་ར་དང་དྲག་གནོན་ཅན་གྱི་སྲིད་བྱུས་འོག་བོད་མི་རྣམས་རང་ཉིད་ཀྱི་ངོ་བོ་དང་ཆོས་རིག་བཅས་པ་རྩ་མེད་འགྲོ་ཉེན་འོག་བཞུགས་དགོས་པའི་ཡ་ང་བའི་གནས་སུ་གྱུར་ཡོད། ཅེས་འགྲེལ་བརྗོད་གནང་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་ལགས་ཀྱིས་བརྗོད་དོན། རྒྱ་ནག་གཞུང་གིས་བོད་ནང་ལ་བོད་མིའི་ཐོག་དྲག་གནོན་དང་མི་སྤྱོད་ལས་འདས་པའི་དམ་བསྒྲགས་ཇི་ལྟར་བྱེད་ཀྱི་ཡོད་མེད་ཀྱི་དངོས་ཡོད་གནས་སྟངས་སྐོར་འཛམ་གླིང་ཁྱོན་ནས་མཁྱེན་རྟོགས་མེད་པའི་མུན་ནག་ལྟ་བུའི་གནས་སྟངས་འོག་ལྷུང་ཡོད། ཅེས་བརྗོད་སོང་།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ལགས་ཀྱིས་བརྗོད་དོན། བོད་ནང་ལ་རྒྱ་ནག་གཞུང་གིས་གཞི་རྩའི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་མེད་ལུགས་མེད་ཀྱིས་འཛིན་བཟུང་བཙོན་འཇུག དེ་བཞིན་གར་སོང་ཆ་མེད་དུ་གྱུར་བ་སོགས་ཀྱི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་དེ་ལྟར་སྲིད་དོན་ཉེས་ཆད་འགེལ་བཞིན་པ་ནི་རྒྱུན་ལྡན་ལྟ་བུ་ཆགས་ཡོད། ཉེ་ཆར་ཟླ་བ་འདིའི་ཚེས་༣ ཉིན་བོད་ནང་འདས་གྲོངས་སུ་གྱུར་བའི་བོད་ཀྱི་ཆབ་སྲིད་བཙོན་པ་སྐུ་ཞབས་བློ་བཟང་བསྟན་པ་ལགས་ཀྱི་གཟུགས་གཞིའི་གནས་བབ་དང་སྨན་བཅོས་སོགས་ཉེར་མཁོའི་མཐུན་འགྱུར་ཇི་ལྟར་ཐོབ་མིན་ལས་བོད་མི་ལས་འགུལ་བ་དང་རྩོམ་པ་པོ། སློབ་ཕྲུག གྲྭ་བཙུན་སོགས་ཀྱི་གནས་སྟངས་ངོ་མ་གང་ཆགས་ཡོད་པ་ཤེས་རྟོགས་ཐུབ་ངེས་ཡིན། ཞེས་བརྗོད་སོང་།

བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ལགས་ཀྱིས་བརྗོད་དོན། བོད་ཀྱི་བདེན་དོན་ཆེད་འཐབ་རྩོད་ལ་མུ་མཐའ་མེད་པར་དྲན་སྐུལ་ཞུ་རྒྱུ་དང་། རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་ཆེད་དུ་ཕྱག་ལས་གནང་མཁན་གཞུང་ཚོགས་སུ་འདྲ་ཞིག་ཡིན་རུང་ཆིག་སྒྲིལ་གྱི་ཐོག་ནས་ལས་དོན་གཉེར་དགོས། ལྷག་དོན་འཕྲལ་མར་ཉིད་དུ་བོད་ནང་ལ་དྲང་བདེན་དང་འགྲོ་བ་མིའི་ཆེ་མཐོང་། བོད་མིར་འཕྲད་བཞིན་པའི་དཀའ་སྡུག་རྣམས་སེལ་ཐབས་སུ་ཆེད་དམིགས་ཀྱིས་བོད་ནང་ལ་ལྟ་སྲུང་ནན་པའི་བཙོན་ཁང་ཡོད་མེད་ཤེས་རྟོགས་ཐུབ་ཕྱིར་དཔྱད་ཞིབ་བྱེད་མཁན་གཏོང་དགོས་པར་ཛ་དྲག་གི་འབོད་སྐུལ་བསྐྱར་ནན་ཞུ་རྒྱུ་ཡིན། ཞེས་འབོད་སྐུལ་ཞུས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།