30
Tue, Apr

ཕྱི་ལོ་༢༠༢༣་ཟླ་༦་ཚེས་༡༩ཉིན། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ་ནང་གི་སྦིར་རུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༦༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་འདུག པར། སྤྱི་ལྷན།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༦་ཚེས་༢༠ཉིན་སྤེལ། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ་ནང་གི་སྦིར་རུ། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༦༥ འཁོར་བའི་དུས་དྲན་དང་། ཛ་སག་དམག་སྤྱི་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་སྐུ་གཤེགས་ནས་མི་ལོ་༦༠ འཁོར་བའི་རྗེས་དྲན་གྱི་མཛད་སྒོ་ཞིག་ཚོགས་འདུག སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཚོགས་པ་འདིའི་ཐོག་མའི་དམིགས་ཡུལ་གཞིར་བཟུང་ད་བར་བོད་ཀྱི་ཆབ་སྲིད་རེད། རིག་གཞུང་རེད། ནང་བསྟན་བཅས་སྲུང་སྐྱོབ་ཐོག་རླབས་ཆེན་གྱི་ཞབས་འདེགས་བསྒྲུབས་ཡོད་སྟབས། དེ་རིང་ང་ཚོས་བོད་བསྟན་སྲིད་ཐོག་བྱས་རྗེས་ཅན་རྣམས་རྗེས་དྲན་ཞུ་རྒྱུ་དང་། རྣམ་པ་ཚོས་བོད་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་ཐོག་ལ་ཆ་ཤས་བཞེས་ནས་བློས་གཏོང་ཐུབ་དགོས་པ། དེ་དང་འབྲེལ་བའི་ཐོག་སངས་རྒྱས་ཀྱི་བསྟན་པ་མི་ཉམས་གོང་སྤེལ་སླད་ང་ཚོས་སྲི་ཞུ་བསྒྲུབ་དགོས་པ་སོགས་མུ་མཐུད་བོད་ཀྱི་བསྟན་སྲིད་སླད་བྱས་རྗེས་འཇོག་གནང་དགོས་པ་གལ་ཆེན་པོ་རེད།

དེ་ཡང་། ཟླ་འདིའི་ཚེས་༡༦་ཉིན། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༦༥ འཁོར་བའི་དུས་དྲན་དེ་ཨ་རི་དང་ཁེ་ཎ་ཌ། སུད་སི། ཧྥ་རིན་སི། སྦེལ་ཇམ། བལ་ཡུལ། རྒྱ་གར་གྱི་ས་གནས་འདྲ་མིན་སོགས་སུ་སྲུང་བརྩི་ཞུས་འདུག དེ་བཞིན། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ་ནང་གི་སྦིར་སྡེ་དགེ་དཔལ་ལྡན་ལྷུན་གྲུབ་སྟེང་གི་མདུན་ཐང་དུ། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་ལས་ཁང་གིས་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༥ འཁོར་བའི་དུས་དྲན་དང་། ཛ་སག་དམག་སྤྱི་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་སྐུ་གཤེགས་ནས་མི་ལོ་ ༦༠ འཁོར་བའི་རྗེས་དྲན། རྒྱལ་ཡོངས་ཚོགས་ཆེན་ ༢༣ པའི་དབུ་འབྱེད་བཅས་ཀྱི་མཛད་སྒོ་ཚོགས་གནང་འདུག མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དམིགས་བསལ་སྐུ་མགྲོན་རྣམ་པ་དང་། གཞན་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་རྣམ་པ། སྤྱི་ཟུར་རྣམ་པ། ཆུ་སྒང་དབུས་རྒྱུན་རྣམ་པ་དང་། གསར་དུ་བདམས་ཐོན་བྱུང་བའི་དབུས་རྒྱུན་རྣམ་པ། ས་གནས་ཁག་གི་སྐུ་ཚབ། མང་ཚོགས་བཅས་ཆེད་ཕེབས་གནང་ཡོད་འདུག

མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་ཀརྨ་མཁས་གྲུབ་ལགས་ཀྱིས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་བསྩལ་བའི་དུས་དྲན་གསུང་འཕྲིན་སྒྲོགས་སྦྱང་གནང་ཡོད་པ་དང་། དེ་ནས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༦༥ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་གནང་དོན། དེ་རིང་གི་ཉིན་མོ་ནི་ཕྱི་ལོ་༡༩༥༨ ཟླ་༦ ཚེས་ ༡༦ ཉིན་བོད་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་རྒྱལ་གཅེས་དཔའ་བོ་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་དབུ་ཁྲིད་འོག་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་ནས་དཔའ་མཛངས་བརྟུལ་ཕོད་ཅན་གྱི་དཔའ་རྒོད་རྣམས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་ཆུ་སྒང་དཔའ་བོའི་ཁྱུ་ཚོགས་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བཙུགས་ཏེ་མི་ལོ་ཧྲིལ་པོ་ ༦༥ འཁོར་བའི་དུས་དྲན་ཁྱད་པར་ཅན་ཞིག་ཆགས་ཡོད། ལོ་འཁོར་དུས་དྲན་སྲུང་བརྩིའི་མཛད་སྒོར་ཕེབས་པའི་བཀུར་འོས་སྤྱི་འཐུས་རྣམ་པས་གཙོས་སྐུ་མགྲོན་རྣམ་པ་དང་། ཆུ་སྒང་དབུས་སའི་རྒྱུན་ལས་རྣམ་པ། མི་མང་བཅས་ཚང་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ཆུ་སྒང་སྒྲིག་འཛུགས་འདི་ཉིད་ཀྱིས་བོད་བསྟན་སྲིད་དང་། མི་རིགས། རང་དབང་རང་བཙན་བཅས་ཀྱི་ཆེད་དཔའ་ངར་ཞུམ་མེད་ཀྱིས་བློས་གཏོང་ཆེན་པོས་རྒྱ་དམག་ལ་ཕར་རྒོལ་ཡ་ལན་འཆར་སྒྲིག་སྔ་རྗེས་རིམ་པར་བྱས་ཏེ་ཁ་གཏད་གདོང་ལེན་གྱིས་བོད་བསྟན་སྲིད་སྲུང་སྐྱོབ་སླད་ཞབས་འདེགས་རྨད་དུ་བྱུང་བ་བསྒྲུབས་ཡོད་པ་མ་ཟད། ཉེ་རབས་བོད་ཀྱི་ལོ་རྒྱུས་ནང་རྒྱལ་ཁབ་དང་རང་དབང་འཐབ་རྩོད་ནང་དམག་གི་སྒྲིག་འཛུགས་ཀྱིས་ཁ་གཏད་གདོང་ལེན་བྱས་པའི་དམིགས་བསལ་ལེ་ཚན་ཞིག་ཆགས་ཡོད་པ་དང་། བོད་ཀྱི་ལོ་རྒྱུས་ནང་ཟུབ་ཏུ་མེད་པ་དེང་གིས་ཉམས་ཞིབ་པ་མང་པོས་ཉམས་ཞིབ་བྱ་ཡུལ་གྱི་གདེང་སྤོབས་སྐྱེད་ཡུལ་དང་། ཨ་རིའི་གཞུང་གི་གསང་བའི་ཡིག་ཆ་དང་། རྒྱ་ནག་དམག་གི་ལོ་རྒྱུས་སོགས་ཀྱི་ནང་ལའང་འཁོད་ཡོད།

བསྟན་སྲུང་དང་བླངས་དམག་བོད་ལྷོ་ཁ་ཁུལ་རྟེན་གཞི་བྱས་ནས་ལྷོ་ཁའི་རྫོང་ཁག་ཡོངས་ཀྱིས་རྒྱ་དམག་ལ་འབུར་འཇོམས་དང་མཐར་བསྐྲོད་བྱས་ཏེ། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་ལྷ་སར་ཆོལ་གསུམ་བོད་མི་ཡོངས་ཀྱིས་མ་བགྲོས་བསམ་པ་གཅིག་མཐུན་གྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭའི་སྲུང་སྐྱོབ་དང་། རྒྱ་དམག་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པར་ངོ་རྒོལ་གྱིས་ཞི་བའི་གྱེན་ལངས་བྱས་པ་དང་། དེ་ནས་ཉིན་བདུན་རྗེས་ལྷ་ས་ནོར་བུ་གླིང་ཁ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་བསྟན་སྲིད་ཀྱི་བདེ་ཐབས་སླད་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་མ་ཕེབས་ཐབས་མེད་བྱུང་སྐབས་ཀྱང་བོད་ལྷོ་ཁ་ཁུལ་ནས་ཕེབས་ལམ་གཙང་སེལ་བྱུང་ཐུབ་པ་དང་། དེ་བཞིན་བླ་ཆེན་ཁག་དང་རྒྱ་ཆེའི་བོད་རིགས་རྣམས་ཀྱི་བྲོས་ལམ་བསལ་བ་དང་། རྗེས་འདེད་རྒྱ་དམག་སྟོང་ཕྲག་མང་པོར་འཐབ་རྒོལ་རིམ་པ་བྱས་ཡོད། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭའི་ཉེན་སྲུང་གི་ཞབས་འདེགས་ཞུ་སྒོ་ཅི་མཆིས་བདེ་བླག་ངང་ལས་དོན་རླབས་པོ་ཆེ་བསྒྲུབས་གནང་བར། གོ་སྐབས་འདི་བརྒྱུད་ཕར་རྒོལ་གྱི་བརྒྱུད་རིམ་ཁྲོད་རྐྱེན་འདས་སུ་གྱུར་བ་དང་རྨས་སྐྱོན་ཕོག་པ་སོགས་རྒྱལ་གཅེས་བརྟུལ་ཕོད་ཅན་རྣམས་རྗེས་སུ་དྲན་པའི་སྒོ་ནས་ཁོང་རྣམ་པར་སྙིང་ཁོང་རུས་པའི་གཏིང་ནས་གུས་འདུད་ཞུ་རྒྱུ་ཡིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་བདེ་བར་གདན་འདྲེན་ཞུས་ཐུབ་པར་བརྟེན་བོད་བསྟན་སྲིད་མི་རིགས་དང་བཅས་པ་དུས་ད་ལྟའི་བར་མི་འཇིག་པར་རྒྱུན་གནས་ཐུབ་པ་བྱུང་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེའི་གྲིབ་བསིལ་སྣུམ་པོའི་འོག་བཙན་བྱོལ་དུ་བོད་མི་རྣམས་ལ་མང་གཙོ་གསོལ་སྩལ་གནང་ཞིང་། ཁྱབ་ཁོངས་གཞིས་སྒར་ཁག་དང་དགོན་སྡེ་གྲྭ་ཚང་ཁག སློབ་གྲྭ་ཁག རིག་གཞུང་བསྟི་གནས་ཁང་། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་སོགས་སྒྲིག་འཛུགས་མང་དག་ཅིག་སྲ་བརྟན་དུ་ཚུགས་ཐུབ་པ་བྱུང་བ་ཚང་མས་ནུས་པ་མཉམ་སྤུངས་ཀྱིས་རང་རེའི་ཆོས་དང་རིག་གཞུང་། ཡ་རབས་བཟང་པོའི་གོམས་གཤིས་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་ཡོང་ཐབས་དང་། བོད་མིའི་བདེན་མཐའ་གསལ་ཐབས་བཅས་ཀྱི་ཐོག་ལ་སེམས་ཤུགས་ཆེ་བསྐྱེད་ཀྱིས་མུ་མཐུད་འབད་འབུངས་བྱེད་བཞིན་པ་ནི་འཛམ་གླིང་ནང་བཙན་བྱོལ་བ་གཞན་མང་པོས་མིག་ལྟོས་བྱ་ཡུལ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་ནི་དགའ་སྒོམ་བྱེད་འོས་སུ་གྱུར།

དུས་ཀྱི་འགྱུར་བགྲོད་ལ་གཞིགས་པས་ཆུ་སྒང་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དེ་ཉིད་ཕྱིས་སུ་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་བདེ་དོན་ཚོགས་པའི་མཚན་ཐོག་དེབ་སྐྱེལ་གནང་སྟེ། འདས་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་རླབས་པོ་ཆེ་རྣམས་ཡིད་ལ་དྲན་བཞིན་སྒྲིག་འཛུགས་འདི་ཉིད་སྲ་བརྟན་ཕུགས་འཕེར་ངང་གནས་ཏེ་བོད་མིའི་རྩ་དོན་འཐབ་རྩོད་གཙོ་གྱུར་ཐོག ཚོགས་པའི་བྱ་གཞག་བཟང་པོ་གང་ཅིར་ལྷོད་གཡེངས་སུ་མ་སོང་བའི་ཕྱོགས་ཚང་མ་ནས་སྔར་ལྷག་འབད་བརྩོན་གནང་བཞིན་པ་དང་། ཆུ་སྒང་དབུས་ས་ཡོངས་དང་རྒྱུན་ལས་རྣམ་པའི་ལས་དོན་བྱེད་ཕྱོགས་དང་ཐོབ་ཐང་། དངུལ་རྩིས་སྟངས་འཛིན་བྱེད་ཕྱོགས་བཅས་ཀྱི་སྒྲིག་གཞི་ཁག་གཏན་འབེབས་ཀྱིས་གང་ཟག་གི་དབང་སྒྱུར་ལ་གཙོ་བོར་མི་བརྟེན་པར་ཁྲིམས་ཀྱིས་དབང་སྒྱུར་ཐོག་ནས་བསྐྱོད་བཞིན་པ་ནི་ཧ་ཅང་གལ་ཆེ་ཞིག་ཏུ་གྱུར་ཡོད། ད་བར་ཆུ་སྒང་རྒྱུན་ལས་རིམ་པས་སྒྲིག་འཛུགས་ཀྱི་ལས་དོན་ཡོངས་རྫོགས་ཚགས་ཚུད་གནང་བར་བསྔགས་འོས་སུ་མཐོང་། དེ་བཞིན་ཆུ་སྒང་སྒྲིག་འཛུགས་ཀྱིས་མི་རབས་རྒན་པ་དང་འཁོས་ཞན་རྣམས་ལ་འཚོ་སྣོན་དང་། མ་འོངས་བོད་དོན་འཐབ་རྩོད་ཀྱི་སོན་རྩ་ན་གཞོན་སློབ་གཉེར་གནང་བཞིན་པ་ཁག་ལ་སློབ་ཡོན་བཅས་ཀྱི་མཐུན་འགྱུར་གནང་དང་གནང་མུས་བཅས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན།

 ༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་དང་བརྟན་བཞུགས་བསྟར་འབུལ་སོགས་ཀྱིས་མཚོན་བོད་རྒྱལ་བསྟན་སྲིད་མི་རིགས་བཅས་པར་ཕན་པ་སྒྲུབ་པའི་བྱ་བ་མང་དག་ཅིག་དུས་ནས་དུས་སུ་གསར་རྩོམ་གནང་བཞིན་པ་དང་། བོད་རྒྱལ་བསྟན་ཆབ་སྲིད་ཛ་དྲག་དང་གཉན་འཕྲང་ཆེ་བའི་སྐབས་འདིར་ཆུ་སྒང་སྒྲིག་འཛུགས་ཀྱི་ངོས་ནས་བོད་དོན་བདེན་མཐའ་གསལ་ཐབས་སུ་ཕྱར་གྲུ་མཉམ་འདེགས་ཞུས་དང་ཞུ་བཞིན་པ་བཅས་ཀྱིས། ཐོག་མར་མི་རབས་རྒན་པ་ཚོས་སྐུ་ལས་བསྐྱོན་ཏེ་སྒྲིག་འཛུགས་གསར་འཛུགས་གནང་བའི་དོན་གོ་ཆོད་པར་གྱུར་བ་གསལ་སྟོན་ཐུབ་པ་དང་། སླད་ནས་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་བོད་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་འབད་འབུངས་ལྷོད་མེད་ཡོང་བའི་རེ་སྨོན་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་ཀྱི་སྐྱེས་ཆེན་རྣམས་སྐུ་ཚེ་༸ཞབས་པད་སྲིད་མཐར་བརྟན་ཅིང་། རླབས་ཆེའི་ཐུགས་ཀྱི་བཞེད་དགོངས་མཐའ་དག་མ་ལུས་ལྷུན་གྱིས་འགྲུབ་པ་དང་། བོོད་དོན་བདེན་མཐའ་མྱུར་དུ་གསལ་བ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཞུ་སྒོ་མཐའ་དག་ལམ་ལྷོང་དོན་ཕན་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་བཅས། ཞེས་སྒྲོགས་སྦྱང་གནང་རྗེས། ཚོགས་གཙོ་མཆོག་གིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་དོན། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདི་ཉིད་ཕྱི་ལོ་ ༡༩༥༨ ལོའི་ཟླ་ ༢ པའི་ནང་ཨ་འབྲུག་ཚང་གི་མཆོད་ཁང་ནང་གནད་ཡོད་མི་སྣ་ཁག་ཅིག་ལྷན་འཛོམས་ཀྱིས་གོ་བསྡུར་བྱུང་རྗེས། ལོ་འདིའི་ཟླ་ ༦ པའི་ཚེས་ ༡༦ ཉིན་ཡོངས་ཁྱབ་གསལ་བསྒྲགས་གནང་སྟེ་དམག་གི་སྒྲིག་འཛུགས་དབུ་བརྙེས་པ་ཞིག་ཡིན་ཞིང་། དེ་ཡང་སྒྲིག་འཛུགས་ཀྱི་དམིགས་ཡུལ་གཙོ་བོ་ནི་རྒྱ་དམར་བོད་ནས་མཐར་སྐྲོད་གཏོང་རྒྱུ་དང་། བོད་ཀྱི་རང་དབང་རང་བཙན་སླར་གསོ་གནང་རྒྱུས་མཚོན་པའི་བོད་ཀྱི་བསྟན་པ་མི་ཉམས་གོང་སྤེལ་ཡོང་རྒྱུའི་ཆེད་དུ་བཙུགས་པ་ཞིག་ཆགས་ཀྱི་ཡོད། སྐབས་དེ་དུས་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ཧ་ཅང་གི་ཛ་དྲག་དང་གཉན་འཕྲང་ཆེན་པོ་ཞིག་ཆགས་བསྡད་དུས། ཚང་མས་སོ་སོའི་རྒྱུ་ནོར་ལོངས་སྤྱོད་དང་། ནུས་པ་གང་ཡོད་ཀྱི་ཐོག་ནས་བློས་གཏོང་ཆེན་པོ་གནང་སྟེ། རྒྱ་དམར་གཞུང་ལ་གདོང་ལེན་གནང་ཡོད་པ་རེད། དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༩ ཟླ་ ༣ པའི་ཚེས་ ༡༧ ཉིན་བཙན་བྱོལ་ལ་ཕེབས་སྐབས། ཐོག་མར་ལྷོ་ཁ་ལྷུན་རྩེ་རྫོང་ལ་ཆུ་སྒང་དམག་གི་ཐོག་ནས་རྒྱ་དམར་ཚང་མ་མཐར་སྐྲོད་བཏང་རྗེས། ལྷུན་རྩེ་རྫོང་ལ་བོད་གཞུང་གསར་འཛུགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཐུབ་པ་བྱུང་ཡོད་རེད། རྗེས་སུ་༧སྐྱབས་མགོན་རིན་པོ་ཆེ་མཆོག་དང་། བཀའ་ཤག་ལྷན་རྒྱས། དེ་བཞིན་སྐུ་འཁོར་དང་བཅས་པ་རྒྱ་གར་ལ་ཕེབས་ཏེ། ཐོག་མར་ཏི་ཛུ་པུར་གྲོང་ཁྱེར་ལ་ཕེབས་འབྱོར་རྗེས། རྒྱ་ནག་དམར་གཞུང་གིས་བཙན་དབང་འོག་ཕྱི་ལོ་ ༡༩༥༡ ལོར་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེར་ངོས་ལེན་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་བ་དང་།

དེ་ནས་མ་སུ་རིར་བོད་གཞུང་བསྐྱར་གསོ་གནང་སྟེ། ཐོག་མར་ཕྱི་སྲིད་དང་། ནང་སྲིད། དཔལ་འབྱོར་འདུ་འགོད་ལས་ཁུངས། ལྡི་ལི་དོན་ཁང་བཅས་ལས་ཁུངས་ཆེ་ཁག་ཁ་ཤས་དེ་མ་ཐག་ཏུ་གསར་འཛུགས་གནང་བ་དང་། ཕྱི་ལོ་ ༡༩༦༠ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་གནའ་སྔ་མོའི་ཆབ་སྲིད་ལམ་ལུགས་ཕ་ཤུལ་བུ་འཛིན་གྱིས་གནས་སྟངས་དེར་འགྲིག་གི་མེད་པར་གཟིགས་ནས་རྒྱལ་སྤྱིའི་གནས་བབ་དང་མཐུན་པའི་ཐོག་ནས་མང་གཙོའི་ལམ་ལུགས་ཐོག་བསྐྱོད་རྒྱུའི་སླད། ཕྱི་ལོ་ ༡༩༦༠ ལོའི་ཟླ་ ༢ པའི་ནང་བོད་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པའི་སྐུ་ཚབ་རྣམས་ནས་གནས་མཆོག་རྡོ་རྗེ་གདན་དུ་མནའ་གན་མཐུ་མོ་ཆེ་བཞག་པ་དང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་དང་། ཆོས་བརྒྱུད་ཆེན་པོ་བཞི་ནས་འཐུས་མི་གཅིག་རེ་འདེམས་དགོས་པའི་བཀའ་སློབ་བཀའ་དྲིན་སྩལ་བ་བཞིན་ལོ་དེའི་ཟླ་བ་ ༩ ཚེས་ ༢ སྤྱི་འཐུས་སྐབས་དང་པོས་དམ་འབུལ་ཞུས་གནང་ཡོད་པ་དང་། དེ་རྗེས་རིམ་པས་ལོ་ལྟར་ཕྱི་ཟླ་༩ ཚེས་ ༢ ཉིན་མོ་དེ་མང་གཙོའི་དུས་ཆེན་སྲུང་བརྩི་བྱེད་བཞིན་ཡོད།

བཙན་པོའི་ལོ་རྒྱུས་ཐོག་བལྟས་པ་ཡིན་ན། བོད་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་སུ་ད་ལྟའི་བོད་ཆོལ་ཁ་གསུམ་གྱིས་མཚོན་པའི་འཛམ་གླིང་སུམ་ཉིས་ལ་དབང་བསྒྱུར་བྱས་པའི་གནས་བབ་དེ་འདྲ་བྱུང་ཡོད་རེད། ༧རྒྱལ་དབང་སྐུ་ཕྲེང་ལྔ་པའི་སྐབས་དགའ་ལྡན་ཕོ་བྲང་གི་གཞུང་དབུ་བརྙེས་པའི་དུས་སུ། ལོ་རྒྱུས་ཉམས་ཞིབ་པ་ཚོས་གསུང་སྟངས་བྱས་ན། ༧རྒྱལ་དབང་སྐུ་ཕྲེང་ལྔ་པའི་དགོངས་པར་བོད་བཙན་པོའི་སྐབས་ཀྱི་ས་ཁྱོན་ལ་དབང་བསྒྱུར་གནང་རྒྱུའི་གནས་བབ་འདྲ་རེད་འདུག་ཅེས་གསུང་གི་ཡོད་རེད། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ནང་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པའི་སྐབས་དུས་ཚོད་ཧ་ཅང་གཉན་འཕྲང་ཅན་དང་། དགུང་ལོ་ཡང་ ༡༦ ཆགས་བསྡད་ཀྱི་ཡོད་རེད། རྒྱ་དམར་གྱི་བཙན་གནོན་འོག་དགོངས་པ་ཇི་བཞིན་མ་བྱུང་བའི་གནས་སྟངས་ཆགས་བསྡད་ཡོད་རེད། དེ་ནས་བཙན་བྱོལ་ནང་ཕེབས་འབྱོར་བྱུང་མ་ཐག་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ལ་མང་གཙོ་གསོལ་སྩལ་གནང་སྟེ། ཐོབ་ཐང་འདྲ་མཉམ་གྱི་གོ་སྐབས་གནང་རྒྱུས་མཚོན་པའི་བོད་བཙན་པོའི་དབང་བསྒྱུར་འོག་གཏོགས་པའི་མི་མང་ཚང་མར་གཅིག་མཚུངས་ཀྱི་གཟིགས་སྐྱོང་གནང་ཡོད་པ་ཙམ་མ་ཟད། བོད་ཀྱི་ཆོས་དང་། སྐད་ཡིག རིག་གཞུང་དང་བཅས་པའི་གཅིག་བསྒྱུར་ཡིན་པའི་བོད་ཆོལ་ཁ་གསུམ་ཚང་མ་སྐྱིད་ན་སྐྱིད་མཉམ་དང་། སྡུག་ན་སྡུག་མཉམ་ཀྱི་དགོངས་པ་བཞེས་ཏེ། ད་ལྟའི་ཆར་ཆབ་སྲིད་ཀྱི་གནས་བབ་ཐོག་ནས་བལྟས་ན། རྒྱལ་སྤྱིའི་ནང་བོད་དོན་ཟེར་དུས་ཚང་མས་དོ་སྣང་གནང་དགོས་པ་ཞིག་དང་། རྒྱལ་སྤྱིའི་གཞུང་དང་གྲོས་ཚོགས་ཚང་མའི་ཐོག་ནས་རྒྱབ་སྐྱོར་ཤུགས་ཆེ་ཤོས་གནང་སའི་བཙན་བྱོལ་སྒྲིག་འཛུགས་གཞན་དང་མི་འདྲ་བ་ཞིག་ཆགས་བསྡད་ཡོད་པ་རེད། དེ་ཡང་བོད་ཆོལ་ཁ་གསུམ་གྱི་ཐོག་ནས་མགོན་པོ་གང་གི་དགོངས་པ་ཇི་བཞིན་ཤར་བསྐྱོད་བྱས་ཐུབ་པའི་གནས་བབ་ལ་བརྟེན་ནས་ད་ལྟ་ང་ཚོ་བཙན་བྱོལ་བ་གཞན་དང་མ་འདྲ་བའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། དེ་ཡིན་དུས། ཚང་མས་སོ་སོའི་ངོ་བོ་ངོས་འཛིན་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་ཡིན་པ་དང་། མི་རབས་གཞོན་པ་ཚོས་དེ་དག་རྒྱུན་མཐུད་དེ་བོད་དོན་བདེན་མཐའ་གསལ་རྒྱུའི་སླད་ཆ་ཤས་བཞེས་ཐུབ་དགོས་པ་དང་། དེ་བཞིན་༧སྐྱབས་མགོན་རིན་པོ་ཆེའི་ཆབ་སྲིད་སྐྱོང་ཕྱོགས་ཀྱི་དགོངས་པ་གཞིར་བཟུང་ང་ཚོ་ཚང་མས་མདུན་བསྐྱོད་བྱེད་ཐུབ་དགོས་པ་ཧ་ཅང་གི་གལ་ཆེན་པོ་རེད།

དེ་བཞིན་བཙན་བྱོལ་ནང་མི་མང་གི་བདེ་དོན་དང་། ཆབ་སྲིད་ཀྱི་འཐབ་རྩོད་ཆེད་གཞུང་དང་། གཞུང་འབྲེལ་མིན་པའི་ཚོགས་པ་མང་པོ་ཞིག་བཙུགས་ཡོད་རེད། དེ་ཡང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་པ་འདི་ཉིད་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་འདི་གཅིག་ནས་ཆོལ་ཁ་གཅིག་གི་ངོོ་བོ་མཚོན་ཐུབ་པ་དང་། གཉིས་ནས་ཐོག་མར་ཚོགས་པ་དེ་བོད་བསྟན་སྲིད་ཆེད་བཙུགས་པ་ཡིན་པ། དམིགས་ཡུལ་དེ་གཞིར་བཟུང་བྱས་ནས་ད་ལྟ་མདོ་ཁམས་རྒྱ་ཆེའི་མང་ཚོགས་ཐོག་ནས་ཡིད་ཆེས་དང་། རེ་བ་ཆེན་པོ་གནང་གི་ཡོད་རེད། སྐབས་ཐོག་སོ་སོའི་འགན་ཁུར་མཁན་རྣམ་པས་དཀའ་ངལ་རྣམས་ལ་བཟང་ཕྱོགས་ཀྱི་གདོང་ལེན་བྱས་ནས་ད་ཆ་གྲུབ་འབྲས་དམིགས་འདོན་བྱེད་ཐུབ་པའི་གནས་བབ་ཅིག་ཆགས་བསྡད་ཡོད་རེད། ད་ལྟ་གོང་དུ་ཚོགས་གཙོས་གསུངས་པ་ལྟར། ཚོགས་པ་འདིའི་ནང་ཚང་མས་ཐེ་ཚོམ་མེད་པའི་ཐོག་ནས་ཆ་ཤས་བཞེས་རྒྱུ་དང་། ཕྱག་ལས་གནང་ཐུབ་དགོས་པ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། མཚམས་རེ་ཆབ་སྲིད་པའི་བྱེད་ཕྱོགས་དང་། ཡང་མཚམས་རེ་ང་ཚོར་དཀའ་ངལ་འདྲ་མིན་འཕྲད་རྒྱུའི་གནས་སྟངས་ཀྱི་ཐོག་ནས་དེར་ཁག་དཀྲི་ནས་སོ་སོའི་འགན་ཇི་བཞིན་མ་བླངས་ཏེ་ལས་དོན་འཐུས་ཤོར་བཏང་བའི་གནས་སྟངས་དེ་འདྲ་ཡོང་གི་འདུག དེ་འདྲ་མ་ཡིན་པར་སོ་སོ་གང་ཡིན་པ་དངོས་ཡོད་ཀྱི་ཐོག་ནས་མདུན་བསྐྱོད་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་ཅེས་དེ་གཅིག་ཞུ་རྒྱུ་ཡིན།

ཚོགས་པ་འདིའི་དམིགས་ཡུལ་གཅིག་དེ་བསྟན་པ་སྲུང་སྐྱོབ་བྱེད་རྒྱུ་དེ་རེད། སྐབས་དེ་དུས་རྒྱལ་བསྟན་ཆབ་སྲིད་ཅེས་པའི་ཚིག་དེ་མང་བ་བེད་སྤྱོད་གནང་གི་འདུག ཚོགས་པ་འདིའི་ཐོག་ནས་དམིགས་བསལ་གྱིས་རླབས་ཆེ་བའི་བྱས་རྗེས་བཞག་ཡོད་རེད། དུས་ད་ལྟ་ཡིན་ནའང་ང་ཚོའི་སེམས་ནང་ཚོགས་པ་འདིར་བློ་ཉེ་པོའི་ཐོག་ནས་བསམ་བློ་འཁོར་ཡོང་གི་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཚོན་པའི་རིས་མེད་ཀྱི་བླ་ཆེན་མང་པོ་ཞིག་བཙན་བྱོལ་ནང་ཆིབས་བསྒྱུར་གནང་ཐུབ་ཡོད་རེད། ཆིབས་བསྒྱུར་གནང་བའི་རྗེས་ལ། མགོན་པོ་མཆོག་གིས་མཚོན་པའི་བླ་ཆེན་རྣམ་པའི་དགོངས་པ་གཞིར་བཟུང་བོད་ཀྱི་བསྟན་པ། དེ་ཡང་ལུང་དང་རྟོགས་པའི་བསྟན་པ་འཆད་ཉན་གྱི་ཐོག་ནས་ལོ་ངོ་དྲུག་ཅུའི་ནང་གདན་ས་ཁག་གིས་མཚོན་པའི་དགོན་སྡེ་ཁག་གི་ནང་བསླབ་པ་སློབ་གཉེར་གནང་སྟེ། བོད་དང་། ཧི་མ་ལ་ཡ་ཙམ་མིན་པར་ནང་ཆོས་ཀྱི་ཐ་སྙད་ལའང་དེ་སྔོན་དོ་སྣང་མེད་པའི་འཛམ་གླིང་ཡུལ་གྲུ་ཁག་མང་པོའི་ནང་ནང་ཆོས་ཁྱབ་པ་དང་། དོ་སྣང་གསར་པ་ཞིག་སླེབས་བསྡད་པ་ཆགས་ཀྱི་འདུག དེ་ཚོའི་ཐོག་ལའང་ཚོགས་པ་འདིའི་ཐོག་ནས་ཞབས་འདེགས་དམིགས་བསལ་བསྒྲུབས་ཡོད་རེད།

གཞན་ཡང་ཇོ་བོ་ཝ་ཏི་བཟང་པོའི་སྐུ་དེ་བཞིན་བལ་ཡུལ་ནས་རྒྱ་གར་ལ་གདན་འདྲེན་ཞུས་པ་དང་། དེ་སྔོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གཅིག་ཕེབས་ཡོད་རེད། བཙན་བྱོལ་ནང་༧རྒྱལ་དབང་སྐུ་ཕྲེང་ལྔ་པས་མཛད་པའི་དག་སྣང་གསང་བ་རྒྱ་ཅན་ཞེས་པའི་ཕྱག་དཔེ་དེ་མ་རག་པའི་དཀའ་ངལ་བྱུང་བའི་སྐབས་ཤིག་ལ་ཆུ་བཞི་སྒང་དྲུག་གི་དམག་མི་ཞིག་གིས་ཕྱག་དཔེ་དེ་བསྣམས་ཕེབས་སོང་ཞེས་དམིགས་བསལ་གྱི་རྟེན་འབྲེལ་འདྲ་པོ་ཞིག་བྱུང་ཡོད་རེད། དེ་འདྲ་བའི་བྱས་རྗེས་ཀྱི་ལོ་རྒྱུས་མང་པོ་ཤོད་རྒྱུ་ཡོད་རེད་དྲན་གྱི་ཡོད། ཚོགས་པ་འདིའི་ཐོག་མའི་དམིགས་ཡུལ་གཞིར་བཟུང་ད་བར་བོད་ཀྱི་ཆབ་སྲིད་རེད། རིག་གཞུང་རེད། ནང་བསྟན་བཅས་སྲུང་སྐྱོབ་ཐོག་རླབས་ཆེན་གྱི་ཞབས་འདེགས་བསྒྲུབས་ཡོད་སྟབས། དེ་རིང་ང་ཚོས་བོད་བསྟན་སྲིད་ཐོག་བྱས་རྗེས་ཅན་རྣམས་རྗེས་དྲན་ཞུ་རྒྱུ་དང་། རྣམ་པ་ཚོས་བོད་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་ཐོག་ལ་ཆ་ཤས་བཞེས་ནས་བློས་གཏོང་ཐུབ་དགོས་པ། དེ་དང་འབྲེལ་བའི་ཐོག་སངས་རྒྱས་ཀྱི་བསྟན་པ་མི་ཉམས་གོང་སྤེལ་སླད་ང་ཚོས་སྲི་ཞུ་བསྒྲུབ་དགོས་པ་སོགས་མུ་མཐུད་བོད་ཀྱི་བསྟན་སྲིད་སླད་བྱས་རྗེས་འཇོག་གནང་དགོས་པ་གལ་ཆེན་པོ་རེད། གང་ཡིན་ཟེར་ན། བསྟན་སྲིད་གཉིས་ཀྱི་ཐོག་བོད་ཀྱི་བདེན་མཐའ་གསལ་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་རེད། བོད་ནང་རྒྱ་ནག་དམར་གཞུང་གིས་གདུག་རྩུབ་མནར་གཅོད་འོག་བོད་ཀྱི་རིག་གཞུང་དང་བཅས་པ་རྩ་མེད་གཏོང་རྒྱུའི་སྲིད་བྱུས་འཛིན་བཞིན་ཡོད་ཀྱང་། ཁོང་རྣམ་པས་བོད་ཀྱི་ཆོས་དང་། རིག་གཞུང་སྲུང་སྐྱོབ་ཆེད་སྙིང་སྟོབས་ཞུམ་པ་མེད་པར་ཆོད་སེམས་རི་བོ་ལྟར་བརྟན་པོར་གནས་ནས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་རྒྱུས་མཚོན་པའི་ལས་འགུལ་སྣ་ཚོགས་སྤེལ་བའི་ཐོག་ནས་བཙོན་ཁང་ནང་ད་དུའང་གདུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་ཡོད་པ་རེད། ང་ཚོ་རང་དབང་ནང་ཡོད་མཁན་ཚོས་སོ་སོའི་ལྟོ་གོས་ཙམ་ལ་མགོ་འཁོར་ནས་མ་བསྡད་པར། བོད་བསྟན་སྲིད་དང་མི་རིགས་རིག་གཞུང་དང་བཅས་པའི་དོན་དུ་དུས་ཚོད་བཏང་ནས་ཞབས་འདེགས་བསྒྲུབ་རྒྱུའི་ཐོག་རྒྱུན་དུ་ནས་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད།

སང་ཉིན་ནས་རྒྱལ་ཡོངས་ཚོགས་ཆེན་འགོ་འཛུགས་ཀྱི་ཡོད་རེད། སྐབས་དེ་དུས་ཆུ་སྒང་དབུས་དང་། ས་གནས་ཁག་གི་ལས་བསྡོམས་དང་རྩིས་ཁྲ་སོགས་སྙན་སྒྲོན་དང་། མ་འོངས་ལས་འཆར་སོགས་ཀྱི་ཐོག་གོ་བསྡུར་ཡོང་གི་ཡོད་དུས། མི་རབས་རྒན་པ་ཚོའི་ཐོག་མའི་དམིགས་ཡུལ་དང་། འགན་བཞེས་ཕྱོགས་ལྟར་ལས་འཆར་བང་བསྒྲིག་ཐུབ་དགོས་པ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ད་བར་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་མང་པོ་ཞིག་གིས་ཕྱག་ལས་གནང་ཡོད་རེད། ཁོང་རྣམ་པར་བསྔགས་བརྗོད་ཞུ་རྒྱུ་དང་། ད་ལྟ་རྒྱུན་ལས་གསར་པའི་ནང་བཀའ་ཟུར་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་དང་། དེ་ལས་གཞན་པའི་རྒྱུན་ལས་གཞོན་སྐྱེས་མང་པོ་ཞིག་ཕེབས་ཡོད་རེད། ཚོགས་པ་དེ་ཚགས་ཚུད་པོ་དང་། ཡག་པོ་ཡོང་རྒྱུར་ཚང་མས་འབད་བརྩོན་གནང་དགོས་པ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན།

གཞན་ཡང་དེ་རིང་གི་དུས་དྲན་གཅིག་དེ། ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་སྐུ་གཤེགས་ནས་ལོ་ངོ་ ༦༠ འཁོར་བའི་དུས་དྲན་ཆགས་ཀྱི་ཡོད་རེད། ཁོང་གིས་བོད་བསྟན་སྲིད་ཆེད་བློས་གཏོང་ཆེན་པོ་གནང་ཡོད་རེད། ཡོངས་གྲགས་སུ་ཛ་སག་དམག་སྤྱི་ཨ་འབྲུག་མགོན་པོ་བཀྲ་ཤིས་ཞེས་འབོད་ཀྱི་ཡོད་ཀྱང་། མཚམས་རེ་དབུས་ཀྱི་ཐ་སྙད་ལ་ཨ་འབྲུག་སྦྱིན་བདག་ཅེས་འབོད་སྲོལ་ཡོད་ཅིང་། ཁོང་གིས་གདན་ས་གསུམ་གྱིས་མཚོན་པའི་རིས་སུ་མ་མཆིས་པའི་ཆོས་བརྒྱུད་ཁག་ལ་བསྟན་པའི་སྦྱིན་བདག་གནང་བ། ཆབ་སྲིད་ཀྱི་དཀའ་ངལ་ཉག་ཕྲ་བའི་སྐབས་སུ་ཨ་འབྲུག་ཚང་གི་མཆོད་ཁང་ནང་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་འཛུགས་གནང་རྒྱུའི་གོ་བསྡུར་གནང་བ་སོགས་བོད་དོན་ཆེད་བློས་གཏོང་ཆེན་པོ་གནང་ཡོད་རེད། ང་ཚོའི་ངོས་ནས་ཁོང་གི་མཛད་རྗེས་རྣམས་ལ་སློབ་སྦྱོང་བྱས་ནས་གཞན་ལ་ངོ་སྤྲོད་དང་། ཁོང་གི་དམུགས་ཡུལ་རྣམས་རྒྱུན་མཐུད་གནང་ཐུབ་དགོས་པ་དེ་གལ་ཆེན་པོ་ཆགས་བསྡད་ཀྱི་ཡོད་རེད། ཆུ་སྒང་སྒྲིག་འཛུགས་ཀྱིས་བོད་བསྟན་སྲིད་ཆེད་བློས་གཏོང་གནང་བ་རྣམས་བོད་སྤྱིའི་ལོ་རྒྱུས་ནང་མཛད་རྗེས་ཆེན་པོ་བཞག་ཡོད་རེད། ད་ལྟ་ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱིས་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་གཞིར་བཟུང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་བཞིན་ཡོད་རེད། ཡིན་ནའང་། དེ་ནུས་པ་འཐོན་རྒྱུར་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པའི་གནས་བབ་དེ་ཁུངས་སྐྱེལ་བྱེད་དགོས་འདུག་ཅེས་སློབ་སྟོན་པ་མང་པོ་ཞིག་གསུངས་བསྡད་ཀྱི་ཡོད་རེད། ང་ཚོའི་ངོས་ནས་ཀྱང་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡིན་པའི་གནས་བབ་བསྒྲུབ་ཐུབ་དགོས་ཀྱི་ཡོད་རེད་ཅེས་ཞུ་རྒྱུ་ཡིན། མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། ཆུ་བཞི་སྒང་དྲུག་གི་ལས་དོན་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

གཞན་ཡང་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཆུ་སྒང་དྲུང་ཆེ་སྙིང་མིག་ལགས་ཀྱིས་རྩོམ་སྒྲིག་གནང་བའི་༼ མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་ལོ་རྒྱུས་དང་འབྲེལ་བའི་དྲིས་ལན་སུམ་བརྒྱ་པ།༽ དབུ་འབྱེད་དང་། ཆུ་སྒང་དབུས་འོས་བསྡུ་ཚོགས་ཆུང་དང་རྩིས་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་དང་། སྦིར་ས་ཁུལ་དུ་ཡོད་པའི་ཆུ་སྒང་དམག་ཟུར་རྣམས་ལ་བཀའ་དྲིན་རྗེས་དྲན་གྱི་ཆེ་བསྟོད་གཟེངས་རྟགས་བཅས་གནང་འདུག

 དེ་བཞིན་སྦིར་བཟོ་ལས་ཚོགས་པའི་ངོས་ནས་སྐུ་མགྲོན་གཙོ་བོ་མཆོག་ལ་ཕྱག་རྟགས་འབུལ་བཞེས་དང་། སྐབས་༢༢ དབུས་རྒྱུན་རྣམས་ལ་ཐུགས་རྗེ་ལེགས་འབུལ། སྐབས་༢༣ པའི་དབུས་རྒྱུན་རྣམས་ལ་འཚམས་འདྲིའི་ཕྱག་རྟགས་སོགས་ཕུལ་ཡོད་འདུག ཉིན་རྒྱབ་སྦིར་སྡེ་དགེ་དང་། ནང་ཆེན། ལི་ལི་གྲོང་སྡེ་དང་། རྡ་ས་རིག་གཞུང་ཚོགས་པ་བཅས་ཀྱིས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་ནས་དུས་དྲན་མཛད་སྒོ་དངོས་སུ་གྲོལ་ཡོད་འདུག

ཡོངས་ཁུངས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱ།
 

བོད་ཀྱི་ལོ་རྒྱུས་ཡིག་ཆ།