26
Fri, Apr

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ཟླ་ ༥ ཚེས་ ༡ ཉིན་སྤེལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བོད་ཀྱི་རྒྱལ་གཅེས་དཔའ་བོའི་ཉིན་མོ་དང་སྟབས་བསྟུན་གྱིས་བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་ཞེས་པ་ཞིག་རྒྱ་གར་བྱང་ཤར་ཁུལ་གྱི་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ནས་འགོ་འཛུགས་ཀྱིས་རྒྱ་གར་བྱང་ཤར་བྷེང་གྷལ་(West Bengal)བརྒྱུད་ཨ་སམ་མངའ་སྡེའི་ཏིཛ་སྤུར་བར་གོམ་བགྲོད་ལས་འགུལ་ཞིག་སྤེལ་འགོ་བརྩམས་འདུག གོམ་བགྲོད་ནང་མཉམ་ཞུགས་གནང་མཁན་ས་གནས་༡༧ བོད་མི་༨༠་ལྷག་ཡོད་འདུག

དེ་ཡང་། ཕྱི་ཟླ་༤་ཚེས་༢༩་ཉིན་ཏེ་བོད་ཀྱི་རྒྱལ་གཅེས་དཔའ་བོའི་ཉིན་མོ་དང་བསྟུན་ནས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་མི་༨༠་ལྷག་གིས་རྒྱ་གར་བྱང་ཤར་ཁུལ་གྱི་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ནས་བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་ཞེས་པའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་འགོ་འཛུགས་གནང་དུག ལས་འགུལ་འདི་ནི་ཕྱི་ཟླ་༤་ཚེས་༢༩་ནས་ཕྱི་ཟླ་༥་ཚེས་༢༣་བར་སྤེལ་རྒྱུ་ཡིན་པ་དང་། སྒང་ཏོག་ནས་ཨ་སམ་མངའ་སྡེའི་ཏིཛ་སྤུར་དབར་སྤེལ་རྒྱུ་ཡིན་འདུག

ཞི་བའི་གོམ་བགྲོད་ཀྱི་དམིགས་ཡུལ་གཙོ་བོ་ནི། ཕྱི་ལོ་༢༠༢༣ ལོའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་(G20)ཞེས་པའི་ཚོགས་འདུའི་སྐབས་རྒྱ་གར་སྲིད་བློན་མོ་དྷིར་བོད་དོན་གླེང་སློང་དགོས་པའི་ནན་སྐུལ་ཞུ་རྒྱུ་དང་། སྟོབས་ཆེན་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པར་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དང་ལྷན་དུ་བོད་དོན་ཐད་གླེང་སློང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། དེ་བཞིན་རྒྱ་ནག་གི་དམ་དྲག་སྲིད་བྱུས་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཛ་དྲག་ཐད་གོ་རྟོགས་སྤེལ་རྒྱུ་དང་། རྒྱལ་སྤྱིའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་རྒྱབ་སྐྱོར་རག་ཐབས་བྱ་རྒྱུ་དེ་ཡིན་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ་ནང་དུ་གསལ་དོན། ཕྱི་ལོ་༡༩༥༩ཟླ་༥ཚེས་༢༣ཉིན་རྒྱ་ནག་ཏུ་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་རྒྱ་གཞུང་གི་དྲག་པོའི་དཔུང་དམག་གི་འཇིགས་སྐུལ་འོག་བོད་ཀྱི་སྐུ་ཚབ་རྣམས་ལ་རང་དབང་གང་ཡང་མེད་པར་འཇིགས་སྐུལ་དང་སྡིགས་རའི་འོག་བོད་ཀྱི་སྐུ་ཚབ་རྣམ་པར་མིང་རྟགས་བཀོད་དུ་བཅུགས་ཡོད།འོན་ཀྱང་བོད་གཞུང་ངོས་ནས་མི་ལོ་བརྒྱད་ཙམ་གྱི་རིང་སྡིགས་སྐུལ་དང་བཙན་འོག་ཏུ་བཞག་པའི་གྲོས་མཐུན་གྱི་དོན་ཚན་བཞིན་མི་འདོད་བཞིན་དུ་བརྩི་སྲུང་བྱས་ཡོད་ན་ཡང་། རྒྱ་དམར་སྲིད་གཞུང་རང་ངོས་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བའི་ཡིག་ཆ་དེའི་དོན་ཚན་བཞིར་བཟུང་མ་གནས་པར་ཁྲིམས་འགལ་གྱིས་ཕྱི་ལོ་༡༩༥༩ལོར་བོད་ཁྱོན་ཡོངས་སུ་དྲག་པོས་བཙན་བཟུང་བྱས་ཡོད།

དེར་བརྟེན་ཕྱི་ལོ་༡༩༥༩ཟླ་༣ཚེས་༢༦ཉིན་བོད་གཞུང་བཀའ་ཤག་ནས་བོད་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་བོའི་རྒྱལ་ཁབ་ཅིག་ཡིན་པ་དང་། གཡུ་རྒྱལ་ལྷུན་རྩེ་རྫོང་ནི་བོད་ཀྱི་རྒྱལ་ས་ཡིན་པ། གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བོད་ཀྱི་ས་ཐོག་རང་ནས་རྩིས་མེད་བཏང་ཟིན་པའི་གསལ་བསྒྲགས་ཐོག་མ་དེ་བསྐྱངས་ཡོད། དེ་བཞིན་སྤྱི་ཟླ་༤ཚེས་༡༨ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་ཤག་ལྷན་རྒྱས་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་ཏིཛ་སྤུར་(TezPur)དུ་འཕེབས་འབྱོར་ཟིན་མ་ཐག་བཙན་གནོན་འོག་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་རྩིས་མེད་བཏང་བའི་ཡོངས་ཁྱབ་ཀྱི་གསལ་བསྒྲགས་བསྐྱངས་ཡོད།

དཔེ་མཚོན་འདི་བརྒྱུད་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་(G20)ཞེས་པའི་ཚོགས་འདུའི་ཚོགས་བཅར་བ་འགོ་ཁྲིད་གཞན་ཚོར་རྒྱ་ནག་སྲིད་གཞུང་ནི་དུས་ནམ་ཡང་ཡིད་ཆེས་དང་བློ་གཏད་བཅོལ་འོས་པའི་རྒྱལ་ཁབ་ཅིག་མ་ཡིན་པའི་བརྡ་ལེན་གསལ་པོ་སྤྲད་རྒྱུ་མ་ཟད། བོད་རྒྱའི་དཀའ་རྙོག་ནི་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་བདེ་སྡུག་དང་ཐད་ཀར་འབྲེལ་བ་ཡོད་པས་སྟོབས་ཆེན་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་ད་ལེན་བོད་རྒྱའི་གནད་དོན་ཐོག་ངེས་པར་དུ་གླེང་སློང་དགོས་པའི་ནན་སྐུལ་ཞུ་བཞིན་ཡོད།

བོད་ཀྱི་རང་བྱུང་ཁོར་ཡུག་ནི་ཨེ་ཤེ་ཡའི་གནམ་གཤིས་འགྱུར་ལྡོག་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། དེ་བཞིན་བོད་ཀྱི་འཁྱག་རོམ་དང་ཆུ་བོ་ཆེ་ཁག་ནི་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ཆུ་བོའི་འབྱུང་ཁུངས་ཡིན་པ་མ་ཟད། མི་འབོར་ཐེར་འབུམ་གཉིས་ལྷག་གི་འཚོ་གནས་ཀྱང་ཆུ་བོོ་དེ་དག་ལ་ཐུག་ཡོད། འོན་ཀྱང་རྒྱ་དམར་སྲིད་གཞུང་ནས་སྡིག་པ་མིག་བཙུམ་གྱིས་བོད་ཀྱི་རང་བྱུང་ཁོར་ཡུག་གཏོར་བཤིག་མུ་མཐུད་གཏོང་བཞིན་ཡོད་པས་མ་འོངས་པར་བོད་ཀྱི་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འཐུང་ཆུ་སོགས་ཀྱི་དཀའ་ངལ་ཚབ་ཆེན་འཕྲད་ངེས་ཡིན་པར་བརྟེན་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ཞི་བདེ་དང་བདེ་འཇགས་སླད་བོད་རྒྱའི་གནད་དོན་ཐད་ངེས་པར་གླེང་སློང་དགོས་པའི་དུས་ལ་བབ་ཡོད། རྒྱ་དམར་སྲིད་གཞུང་གིས་ཁྲིམས་འགལ་གྱིས་བོད་བཙན་བཟུང་བྱས་ཏེ་ལོ་ངོ་དྲུག་ཅུ་ལྷག་སོང་ཟིན་པ་དང་། དུས་ཡུན་དེའི་རིང་བོད་ནི་འཛམ་གླིང་ཐོག་རང་དབང་ཚད་དམའ་ཤོས་ཀྱི་གནས་བབས་སུ་ལྷུངས་ཡོད་པ་མ་ཟད། ཨ་རིར་བརྟན་གཞི་བྱས་པའི་རྒྱལ་སྤྱིའི་རང་དབང་ལྷན་ཁང་གི་སྙན་ཐོའི་ནང་བོད་ནི་ལྷོ་སུའུ་ཊན་དང་སི་རི་ཡའི་འགྲོ་བ་མིའི་ཐོབ་ཐང་གནས་བབ་དང་གཅིག་མཚུངས་ཀྱིས་ཆེས་ཛ་དྲག་དང་རང་དབང་ཚད་དམའ་ཤོས་སུ་ངོས་འཛིན་གནང་ཡོད་པ་དང་། དམིགས་བསལ་འདས་པའི་ལོ་ཤས་རིང་རྒྱ་དམར་སྲིད་གཞུང་ནས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་དུ་གཏོང་སླད་སྔར་ལས་ཀྱང་དམ་དྲག་དང་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་གྱིས་ད་ལྟའི་ཆར་བོད་ནི་འཛམ་གླིང་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཆེས་ཛ་དྲག་ཤོས་སུ་གྱུར་ཡོད།

དེང་སྐབས་རྒྱ་གཞུང་གི་མི་སེར་སྤེལ་ཡུལ་གྱི་ཤེས་ཡོན་སྲིད་བྱུས་འོག་བོད་ཕྲུག་ས་ཡ་གཅིག་ཙམ་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་གཏན་སྡོད་སློབ་གྲྭར་བཙན་འཇུག་གིས་བོད་ཕྲུག་དེ་དག་རང་གི་ཕ་མ་དང་ཁྱིམ་ཚང་། རང་གི་སྐད་དང་ཡེ་གེ ཆོས་དང་རིག་གཞུང་སོགས་དང་ཁ་བྲལ་དུ་བཏང་ནས་རྒྱ་དམར་སྲིད་གཞུང་གི་ལྟ་བ་བཙན་ཁྲིད་བྱེད་བཞིན་ཡོད། རྒྱ་གཞུང་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་དང་འཕྲུལ་རིགས་བེད་སྤྱད་དེ་བོད་ཕྲུག་ལོ་ན་ལྔ་ལས་མ་སོན་ནའང་བོད་མིའི་རིགས་རྫས་(DNA)ཞེས་པ་བསྡུ་རུབ་བྱས་ཏེ་བོད་ནང་གི་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་ཉིན་མཚན་ཀུན་དུ་དམ་དྲག་དང་། དོ་དམ་སྟངས་འཛིན་གྱིས་དཀའ་སྡུག་ཚད་ལས་འདས་པ་སྤྲད་དང་སྤྲོད་བཞིན་ཡོད་པར་བརྟེན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་འདི་བརྒྱུད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཁག་དང་། ལྷག་པར་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་(G20)ཚོགས་བཅར་བ་དབུ་ཁྲིད་རྣམས་ནས་ད་ལེན་ངེས་པར་བོད་ཀྱི་གནད་དོན་སྐོར་ལ་གླེང་སློང་དགོས་པའི་ནན་སྐུལ་ཞུ་རྒྱུ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཇི་སྲིད་བོད་རང་དབང་རང་བཙན་མ་ཐོབ་ཀྱི་བར་དེ་སྲིད་དུ་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན། ཞེས་བཀོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།