17
Sun, Oct

ཕྱི་ལོ་༢༠༢༡་ཟླ་༦་ཚེས་༡༨ཉིན། འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་སྐབས། པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༦་ཚེས་༡༨ཉིན། བཞུགས་སྒར་རྡ་སར་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས། མང་ཚོགས་ནས་རེ་འདུན་ཆེན་པོས་མང་བཀུར་ཞུས་པ་བདམས་ཐོན་སྤྱི་འཐུས་རྣམས་ནས་འཕྲལ་ཕུགས་རྒྱང་གསུམ་ལ་དགོངས་བཞེས་ཐོག་དམ་འབུལ་བཅའ་ཁྲིམས་དགོངས་དོན་འབུལ་ཐབས་དང་། འོས་བསྡུའི་ལས་རིམ་ཤར་བསྐྱོད་འགྲོ་ཐབས་སུ་མཐུན་འགྱུར་ངེས་གནང་དགོས་པ་ཞུ་བཞིན་ཡོད། ཅེས་གསུངས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༡༠།༣༠ ཐོག བོད་མིའི་སྒྲིག་འཛུགས་ཀྱི་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་དང་། ཟུང་དྲུང་བསྟན་འཛིན་ནོར་བུ་ལགས། ཕྱི་དྲིལ་འཛིན་སྐྱོང་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས། གསར་འགོད་པ་བཅས་ལྷན་འཛོམས་ཐོག དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ལགས་གྱིས་དབུས་འོས་བསྡུ་ལས་ཁང་གི་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཙོ་གཞོན་པའི་འོས་བསྡུ་དང་འབྲེལ་བའི་ལམ་སྟོན་གསལ་བཤད་ཅེས་པའི་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

སྐབས་དེར། འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ལགས་ཀྱིས་བརྗོད་དོན། ཚང་མའི་དགོངས་པར་མངའ་གསལ་བཞིན། ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོ་དེ་བཞིན་མི་སྨོན་རང་སྐྱིད་ངང་ལེགས་སྒྲུབ་ཟིན་པ་དང་། ཡོངས་ཁྱབ་གསལ་བསྒྲགས་སྔོན་ཞུས་སོར་གནས་ཐོག་ཕྱི་ཟླ་ ༥ ཚེས་ ༡༤ ཉིན་བདམས་ཐོན་སྲིད་སྤྱི་གཉིས་ཀྱི་མཚན་ཐོ་གཞུང་འབྲེལ་གསལ་བསྒྲགས་སྤེལ་ཐོག་དེ་ཉིན་རང་བསྐོ་རྒྱ་ཁུངས་སོ་སོར་ཕུལ། བདམས་ཐོན་སྤྱི་འཐུས་རྣམས་ཀྱི་བཀོད་རྒྱའི་ངོ་བཤུས་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཏེ་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༩ ཉིན་འབྱོར་ཐོ་དང་། ཚེས་ ༣༠ ཉིན་དམ་འབུལ། སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་འོས་བསྡུའི་དུས་རིམ་འོས་བསྡུའི་སྒྲིག་གཞི་དོན་ཚན་༥༢ ནང་གསེས་༢ པ་བཞིན་གཏན་འབེབས་ཞུས་ཀྱང་། གནས་ཡུལ་མངའ་སྡེའི་ནང་སྒོ་རྒྱ་བསྡམས་རྐྱེན་ཕྱི་ཟླ་ ༦ ཚེས་ ༨ བར་ཕར་འགྱངས་མི་ཞུ་ཐབས་མེད་གྱུར། དེ་རྗེས་སླར་ཡང་སྒོ་རྒྱའི་དུས་ཚོད་ཕར་འགྱངས་གནང་ཡང་། འདི་ལས་དང་ཚོགས་དྲུང་ལས་ཁུངས་ཐུན་མོང་ནས་འབད་བརྩོན་ཞུས་འབྲས་ས་གནས་རྫོང་དཔོན་མཆོག་ནས་དམིགས་བསལ་བཀའ་འཁྲོལ་བསྩལ་སྨིན་བྱུང་བརྟེན་ལས་རིམ་མདུན་བསྐྱོད་ཐུབ་པ་བྱུང་ཡོད།

ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༨ ཞོགས་པ་དམ་འབུལ་དང་། ཉིན་ཡོལ་ཕྱག་ཚོད་ ༢ ཐོག་ཚོགས་གཙོ་ཚོགས་གཞོན་འོས་འདེམས་ཞུ་རྒྱུའི་དུས་ཚོད་གཏན་འབེབས་གནང་ཡང། དེ་ཉིན་ཞོགས་པ་ཕྱག་ཚོད་ ༡༡།༡༠ ཙམ་ལ་བདམས་ཐོན་སྤྱི་འཐུས་སྐུ་ཚབ་བཞི་ལས་ཁུངས་སུ་ཕེབས་ཏེ་དམ་འབུལ་བཅའ་ཁྲིམས་དགོངས་དོན་བྱུང་མེད་སྟབས། གུས་བརྩི་མཚོན་བྱེད་ཚོགས་བཅར་ཞུ་རྒྱུ་ལས་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་འོས་བསྡུའི་ལས་རིམ་ནང་ཆ་ཤས་བཞེས་ཐབས་བྲལ་སྐོར་གསུངས། ཆུ་ཚོད་ ༡༢།༢༧ ཐོག་ཚོགས་དྲུང་ལས་ཁུངས་ཀྱི་ཡིག་བསྐྱེལ་བརྒྱུད་སྤྱི་འཐུས་ལྷན་ཚོགས་ཀྱི་ཡིག་ཆུང་དང་། མཚན་གཞུང་ཕུལ་འབྱོར་བྱུང། མཛད་རིམ་ལྟར་གྱི་ཕྱི་ཡོལ་ཕྱག་ཚོད་ ༢།༠༠ ཐོག་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་ངོ་བཅར་ཞུས་ཏེ་འདེམས་ཐོན་སྤྱི་འཐུས་རྣམ་པར་འཚམས་འདྲི་ཞུས་པ་དང་འབྲེལ་བཅའ་ཁྲིམས་དང་། འོས་སྒྲིག་ནང་གསལ་དོན་ཚན་ཁག དེ་བཞིན་འོས་ཤོག་འཕེན་སྟངས་སྐོར་ངོ་སྤྲོད་ཞུས་མཚམས། བཅའ་ཁྲིམས་དོན་ཚན་ ༤༧ དགོངས་དོན་དམ་འབུལ་ཞུས་པ་གྲངས་ ༢༡ བྱུང་འདུག་པས། བཅའ་ཁྲིམས་དོན་ཚན་ ༤༩ དགོངས་དོན་གསུམ་ཆ་གཉིས་ལོན་མེད་སྟབས། སྒྲིག་གསལ་གྲུབ་ཆ་ཚང་མཚམས་འོས་བསྡུ་ཞུ་རྒྱུ་ཡིན་ན་ཚང་མས་ཡོང་ཐབས་ཐུགས་སྐྱེད་ཡོང་བ་ཞུས་ཏེ་འགྲིག་འཇགས་འབྱུང་སླད་ལས་ཁུངས་སུ་ཕྱིར་ལོག་ཞུས། ཕྱག་ཚོད་ ༣།༠༢ སྟེང་བདམས་ཐོན་སྤྱི་འཐུས་སྐུ་ཚབ་བཞི་ལས་ཁུངས་སུ་ཕེབས་ཏེ། སྤྱི་འཐུས་གྲངས་ ༤༣ ཀྱི་མཚན་རྟགས་འཁོད་པའི་མཚན་གཞུང་ངོ་བཤུས་དང་། མཛད་རིམ་མིག་སྟོན་གནང་ཏེ། ཡིག་ཆ་འདི་གཉིས་ལ་གཞི་བཅོལ་ཏེ་ངོས་བཞེས་གནང་ཐབས་ཡོང་བ་ཞུས་པ་བཞིན། མཚན་གཞུང་ལ་ཞིབ་སྐབས་ཡིག་ཆ་ཚད་ལྡན་རེད་འདུག་པས་ཞིབ་བརྩད་ཞུ་རྒྱུ་ཞུས།

ཕྱི་ཚེས་ ༩ ཉིན་ཚོགས་དྲུང་ལས་ཁུངས་སུ་ཡིག་ཆ་དེ་དམ་འབུལ་སྐབས་ཀྱི་མཚན་གཞུང་ཡིན་མིན་དང་། གཞུང་འབྲེལ་ངོས་བཞེས་ཇི་ཡིན་གསལ་བཤད་དགོས་པའི་ཡིག་ཆུང་ཕུལ། ཡིག་ལན་ནང་ “དེ་ནས་ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༩ ཉིན་གུང་ཚོུད་ ༡༢ ཡོལ་ཙམ་ལ་ཕྱག་ཡིག་ཕེབས་གསལ་ཐད། ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༨ ཉིན་སྐབས་ ༡༧ པའི་བདམས་ཐོན་སྤྱི་འཐུས་གྲངས་ ༢༢ ནས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དམ་བཅའ་འབུལ་བཞེས་གནང་བ་དང་། བདམས་ཐོན་སྤྱི་འཐུས་གྲངས་ ༢༡ ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནས་བར་བརྒལ་ཚོགས་གཙོའི་བརྒྱུད་དམ་བཅའ་འབུལ་བཞེས་གནང་བ་བཅས་ཀྱི་གྲངས་ཐོ་འདི་མཉམ་ཟུར་འབུལ་ཞུས་ལགས་ ” ཞེས་འཁོད་སྟབས། གནས་དོན་འདི་བཞིན་བཅའ་ཁྲིམས་དོན་ཚན་ ༤༧ པ་དང་བརྒལ་བ་ཙམ་དུ་མ་ཟད། དམ་འབུལ་དང་འབྲེལ་བའི་དཀའ་རྙོགས་ཀྱི་རྐྱེན་རྩ་ཐུག་པར། དེ་འབྲེལ་འགན་ཡོངས་རྫོགས་ཚོགས་དྲུང་ལས་ཁུངས་ལ་ཡོད་པ་དང་། བཅའ་ཁྲིམས་དགོངས་དོན་གྲུབ་ཆ་ཚང་མཚམས་ལན་གསལ་བྱུང་བསྟུན་ཚོགས་གཙོ་ཚོགས་གཞོན་གྱི་འོས་བསྡུའི་སླད་ངོ་བཅར་ཞུ་རྒྱུ་ཡིན་ཞུས་པ་དང་། ངག་ཐོག་ནས་ད་བར་བསྟན་སྲིད་ཀྱི་ལས་དོན་གལ་ཆེ་འདི་ལྟ་བུ་བསྒྲུབ་ཐབས་སླད་དབུས་འོས་བསྡུ་ལས་ཁང་ནས་གང་ཡོང་རམ་འདེགས་ཞུས་ཁུལ་ཡང་། ཐེངས་འདིའི་བཅའ་ཁྲིམས་ལས་བརྒལ་བའི་གནས་དོན་ནང་སླད་མཉམ་ཞུགས་ཞུ་ཐབས་མེད་པ་གསལ་སྟོན་ཞུས་ཡོད།

དབུས་འོས་བསྡུ་ལས་ཁང་ནས་ལམ་སྟོན་གསལ་བཤད་ཞུ་རྒྱུར།

༡། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༥༣ ནང་ “དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་བྱས་པའི་ཉིན་སྐབས་དེའི་འོས་བསྡུའི་ལས་དོན་གྲུབ་པར་ངོས་འཛིན་བྱེད་དགོས་” ཞེས་གསལ་བ་དང་དོན་ཚན་ ༥༥ ནས་ ༦༠ བར་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གྱི་འོས་བསྡུའི་འགན་དབུས་འོས་བསྡུ་ལས་ཁང་ལ་བསྩལ་བ་བཞིན་གྲ་སྒྲིག་ཆ་ཚང་ཞུས་ཡོད། རྩ་བའི་དམ་འབུལ་དང་འབྲེལ་བའི་ལས་དོན་ཚོགས་དྲུང་ལས་ཁུངས་ཀྱི་ཐུགས་འགན་ཡིན་ནའང་། བཅའ་ཁྲིམས་དོན་ཚན་ ༤༥ ལག་བསྟར་ཞུ་རྒྱུར་འགོག་རྐྱེན་འཕྲད་སྟབས་དབུས་འོས་བསྡུ་ལས་ཁང་ནས་གསལ་བཤད་མི་ཞུ་ཐབས་མེད་གྱུར། དམ་འབུལ་དང་། ཚོགས་གཙོ་ཚོགས་གཞོན་གྱི་འོས་བསྡུ་གྲུབ་མཚམས་སྤྱི་འཐུས་ལྷན་ཚོགས་ལ་ཁྲིམས་ལུགས་བཟོ་འགོད་དང་། གཏན་འབེབས་བྱ་རྒྱུའི་དབང་ཆ་ཡོངས་རྫོགས་ཡོད།

༢། ད་ཐེངས་སྐབས་ ༡༧ པའི་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་འོས་འདེམས་ཀྱི་ལས་རིམ་ལམ་ལྷོངས་མ་བྱུང་བའི་རྐྱེན་རྩ་གཙོ་བོ་དེ་ཚོགས་དྲུང་ལས་ཁུངས་ནས་བཅའ་ཁྲིམས་དང་མ་མཐུན་པའི་དམ་འབུལ་ཞུ་ཡུལ་ཁག་གཉིས་བཟོས་པར་འདི་ནས་འགན་འཁུར་དགོས་པའི་ཡིག་ཐོག་ཕུལ་སྐབས། དཀའ་རྙོགས་ཀྱི་འབྱུང་རྐྱེན་གཙོ་བོར་གྱུར་བར་ངོས་ལེན་ཞུ་ཐབས་མེད་པ་དང་། མཇུག་འབྲས་ཇི་ཆགས་འགན་ཡང་འཁུར་ཐབས་མེད་ཅེས་གསལ་འདེབས་གནང་སྟངས་ལ་གཞིགས་སྐབས། བཅའ་ཁྲིམས་དང་སྒྲིག་འཁུར་གང་ཡང་ཞུ་མི་དགོས་པའི་གདེང་སྤོབས་དང་གནང་སྟངས་ལ་ཐུགས་འཚབ་ཧ་ཅང་ཆེན་པོ་ཡོད།

༣། ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༦ ཚེས་ ༨ ཕྱི་དྲོ་བདམས་ཐོན་སྤྱི་འཐུས་སྐུ་ཚབ་བཞི་ཕེབས་པ་རྣམས་ནས་སྤྱི་འཐུས་གྲངས་ ༤༤ ཡི་མཚན་གཞུང་དང་གྲངས་ ༤༣ གྱི་ས་རྟགས་འཁོད་པའི་ཡིག་ཆའི་ངོ་བཤུས་ཕུལ་བ་དེར་བརྩད་ཞིབ་ཞུས་ཏེ་ལན་གསལ་བྱ་རྒྱུ་ཞུས་པ་བཞིན། ཕྱི་ཚེས་ ༡༠ ཉིན་བདམས་ཐོན་སྤྱི་འཐུས་ལྔ་ཕེབས་སྐབས་ཚོགས་དྲུང་ལས་ཁུངས་ཀྱི་ལན་འདེབས་ནང་དམ་འབུལ་ཞུ་ཕྱོགས་གཉིས་གསལ་འཁོད་བཅའ་ཁྲིམས་དགོངས་དོན་བྱུང་མེད་སྟབས། སླད་འགན་འཁུར་ཡོངས་རྫོགས་ཚོགས་དྲུང་ལས་ཁུངས་ནས་ཞུ་དགོས་ཞུས་ལུགས་གསལ་བཤད་མཐིལ་ཕྱིན་ཞུས་ཟིན་ན། སླད་དེ་འབྲེལ་ཚོགས་དྲུང་ལས་ཁུངས་ལ་འབྲེལ་གཏུགས་གནང་སྐྱོང་ཡོང་བ།

༤། བཅའ་ཁྲིམས་དོན་ཚན་ ༤༧ ནང་ “འདེམས་ཐོན་སྤྱི་འཐུས་ཁོངས་ནས་སྤྱི་འཐུས་ལས་རྒྱུན་རིང་ཤོས་དེར་སྤྱི་འཐུས་རྒྱུན་ལས་ཀྱིས་བར་བརྒལ་ཚོགས་གཙོར་བསྐོ་གཞག་བྱེད་དགོས། གལ་ཏེ་ལས་རྒྱུན་འདྲ་མཉམ་བྱུང་ཚེ་དེའི་ཁོངས་ནས་རང་ལོ་བགྲེས་ཤོས་དེར་བསྐོ་གཞག་བྱེད་དགོས། བར་བརྒལ་ཚོགས་གཙོས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་སར་དམ་འབུལ་ཞུས་རྗེས། སྤྱི་འཐུས་རེ་རེས་རང་ཉིད་སྤྱི་འཐུས་ཀྱི་ལས་འཁུར་དུ་མ་ཞུགས་གོང་བར་བརྒལ་ཚོགས་གཙོའི་མདུན་སར་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའམ། ཁས་ལེན་བྱེད་དགོས། ཚོགས་གཙོ་དང་ཚོགས་གཞོན་འདེམས་ཐོན་བྱུང་རྗེས་ཚོགས་གཙོའི་མདུན་སར་དམ་འབུལ་ཞུ་དགོས་པ་དང༌། ཚོགས་གཙོ་ས་གནས་སུ་མེད་སྐབས་ཚོགས་གཞོན་མདུན་སར་དམ་འབུལ་ཞུ་དགོས།” ཞེས་ཁ་གསལ་ཡོད་པ་བཞིན། བདམས་ཐོན་སྤྱི་འཐུས་གྲངས་ ༢༢ ནས་བཅའ་ཁྲིམས་དགོངས་དོན་བར་བརྒལ་ཚོགས་གཙོའི་མདུན་དམ་འབུལ་ཞུས་མཚམས་དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུ་ཞུ་རྒྱུར་གྲ་སྒྲིག་ཨང་གསར་ཡོད།

༥། བོད་ཆགས་འཇིགས་གཉན་འཕྲང་གྱི་དུས་འདིར། འུ་ཅག་རྣམས་ཀྱི་མགོན་སྐྱབས་བླ་ན་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལྷ་དགོངས་འཁྲུགས་གཞིར་མི་གྱུར་བ་གཙོ་དོན་ཐོག། མང་ཚོགས་ནས་རེ་འདུན་ཆེན་པོས་མང་བཀུར་ཞུས་པ་བདམས་ཐོན་སྤྱི་འཐུས་རྣམས་ནས་འཕྲལ་ཕུགས་རྒྱང་གསུམ་ལ་དགོངས་བཞེས་ཐོག་དམ་འབུལ་བཅའ་ཁྲིམས་དགོངས་དོན་འབུལ་ཐབས་དང་། འོས་བསྡུའི་ལས་རིམ་ཤར་བསྐྱོད་འགྲོ་ཐབས་སུ་མཐུན་འགྱུར་ངེས་གནང་དགོས་པ་ཞུ་བཞིན་ཡོད། ད་དུང་འདི་མུར་རྒྱུན་རིང་ལྷགས་ཚེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་ཅིར་ཇི་མི་སྙམ་པའི་གོད་ཆག་དང་འགོག་རྐྱེན་ཆགས་ཉེན་འདུག་ན། དེ་ལྟར་མི་ཡོང་བའི་ཐུགས་འགན་ངེས་པར་བཞེས་གནང་དགོས། ཞེས་གསུངས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།