24
Wed, Apr

ཕྱི་ལོ་༢༠༢༡་ཟླ་༧་ཚེས་༢ཉིན། སྦེང་ལོར་ས་གནས་གཞོན་ལྷན་གྱིས་རྒྱ་གར་བ་དབུལ་ཕོངས་རྣམས་ལ་ཟས་གོས་སྦྱིན་གཏོང་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༧་ཚེས་༢ཉིན། རྒྱ་གར་སྦེང་ལོར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་གྱི་ཁྱིམ་ཚང་དབུལ་ཕོངས་༡༣་ལ་ཟས་གོས་སྦྱིན་གཏོང་ཀྱི་ལམ་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག དེ་ནི་གཞན་ཕན་གྱི་བྱ་བ་སྒྲུབ་དགོས་པའི་༸གོང་ས་མཆོག་གི་བཀའ་སློབ་ལག་བསྟར་བྱེད་བཞིན་ཡོད་པར་འགྲེལ་བརྗོད་གནང་སོང་།

དེ་ཡང་། གོང་ཚེས་ཉིན། སྦེང་ལོར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྦེང་ལོར་གྱི་གྲོང་གསེབ་ཁག་ཏུ་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་༡༣་གྱི་ནང་མི་དང་བྱིས་པ་བཅས་ཁྱོན་མི་གྲངས་བརྒྱ་ལྷག་ལ། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དང་སྦེང་ལོར་བོད་ཁྱིམ་སྡོད་ཁང་ནས་སློབ་ཕྲུག་ལྷག་བསམ་ཅན་མང་པོ་ཞིག་གིས་གནང་བའི་གྱོན་ཆས་དང་། ཟས་ཆས་འབྲས་དང་གྲོ་སྣུམ་བཅས་སྦྱིན་ཡོད་འདུག

ས་གནས་གཞོན་ལྷན་གྱི་ཚོགས༌ཟུར༌དཀོན༌མཆོག༌རིན༌ཆེན༌ལགས་ཀྱིས་བརྗོད་དོན། ས་གནས་གཞོན་ལྷན་གྱིས་ལོ་ཤས་སྔོན་ནས་སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བའི་ལས་འགུལ་མང་པོ་ཞིག་སྤེལ་བཞིན་ཡོད། ལས་འཆར་འདི་ནི་༧རྒྱལ་བའི་དགོངས་པ་དང་མཐུན་པའི་༧ སྐུའི་འཁྲུངས་སྐར་སྲུང་རྩིས་ཞུ་ཐབས་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། མགོན་པོ་གང་ཉིད་ནས་དུས་དང་རྣམ་པ་ཀུན་ཏུ་བཀའ་སློབ་ལམ་སྟོན་གནང་བ་བཞིན། ང་ཚོའི་ངོས་ནས་རང་ཉིད་ཀྱི་ནུས་པའི་ལྕོགས་ཚོད་ཀྱིས་གཞན་ལ་ཕན་པའི་དགེ་བའི་བྱ་བ་སྣ་མང་ཞིག་བརྩམས་པའི་ཐོག་ནས་༧ སྐུའི་འཁྲུངས་སྐར་བསྲུང་རྩི་ཞུ་འཆར་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

ཁོང་གིས་དབུལ་ཕོངས་ཉམས་ཐག་གྲངས་༡༡༣་ལ་སྦྱིན་པ་གཏོང་དགོས་པའི་སྐོར་བརྗོད་དོན། གྲོང་མི་དབུལ་ཕོངས༡༡༣་ལ་ཉིན་གཅིག་གི་སྟབས་བདེའི་བཟའ་ཆས་དང་གྱོན་ཆས་སྤྲད་ཐུབ་པ་བྱུང་ཡོད། དེ་ནི་༧ གོང་ས་མཆོག་དགུང་གྲངས་༡༡༣་ལ་བཞུགས་པའི་བཀའ་བཞེས་ཟབ་མོ་དེ་བདེ་བླག་ངང་ནས་གྲུབ་པའི་སྨོན་འདུན་དང་རྟེན་འབྲེལ་མཚོན་བྱེད་ཡིན། ཁོ་ཚོར་བཟའ་ཆས་དང་གྱོན་གོས་སྤྲོད་སྐབས་ངོ་གདོང་ལ་འཛུམ་མདངས་རྒྱས་ནས་ ༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཡོད། ཁྱོད་ཚོས་མ་འོངས་པའང་རོགས་པ་གནང་རོགས་ཞེས་རེ་སྐུལ་ཞུས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།