27
Sat, Apr

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་༢༠༢༡་ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་འཕེན་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༡་ལོའི་ཟླ་༡་ཚེས་༣ཉིན། བཞུགས་སྒར་རྡ་སའི་བོད་མི་རྣམས་ཀྱིས་༢༠༢༡་ལོའི་བཙན་བྱོལ་བོད་མིའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་འཕངས་སོང་། སྐབས་དེར་བཙན་བྱོལ་བོད་མིའི་མང་གཙོ་ནི་རྒྱལ་སྤྱིའི་ཐོག་མང་གཙོའི་རྒྱལ་ཁབ་ཁག་དང་དཔུང་པ་མཉམ་གཤིབས་བྱས་ནས་འགྲོ་ཐུབ་ཀྱི་ཡོད་པ་མ་ཟད། འདི་ནི་ངོམས་སུ་ཆོག་པ་དང་། གཟི་བརྗིད་དང་ལོ་རྒྱུས་ལྡན་པ་ཞིག་རེད། ཅེས་སྲིད་སྐྱོང་མཆོག་གིས་གསུངས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༨་ནས་༥་བར། བཞུགས་སྒར་རྡ་ས་གངས་སྐྱིད་དང་། སྨན་རྩིས་ཁང་། ལྷ་རྒྱ་རི། བོད་ཀྱི་ཟློས་གར་ཚོགས་པ། ཡོངས་གླིང་སློབ་གྲྭ རྡ་སྟེང་བོད་ཁྱིམ། ཤུག་གསེབ་བཙིན་དགོན། ས་རྭ་མཐོ་སློབ། ཤེས་རབ་དགའ་ཚལ་གླིང་། རྡ་ཤོད་བོད་ཁྱིམ། གོ་པལ་པུར་བོད་ཁྱིམ། ཅ་མོན་ཌར། ནོར་གླིང་རིག་གཞུང་གཅེས་སྐྱོང་ཁང་། རྒྱུད་སྟོད་གྲྭ་ཚང་བཅས་སུ་བོད་མི་རྣམས་ཀྱི་༢༠༢༡་ལོའི་བཙན་བྱོལ་བོད་མིའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་འཕངས་སོང་།

སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དང་འབྲེལ་བའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སངྒེ་མཆོག་གིས་གསུང་དོན། ༢༠༢༡་ལོའི་བཙན་བྱོལ་བོད་མིའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་འཕེན་གྱི་ཡོད་རེད། འདི་ནི་༸གོང་ས་མཆོག་གིས་གསོལ་རས་གནང་བའི་མང་གཙོ་དང་། དེ་བཞིན་མི་ཐོག་རྒས་པ་ཚོས་སྐུ་ལས་བསྐྱོན་ནས་གྲུབ་འབྲས་སྨིན་པའི་མང་གཙོ་འདི་ནི། རྒྱལ་སྤྱིའི་ཐོག་མང་གཙོའི་རྒྱལ་ཁབ་ཁག་དང་དཔུང་པ་མཉམ་གཤིབས་བྱས་ནས་འགྲོ་ཐུབ་ཀྱི་ཡོད་པ་མ་ཟད། འདི་ནི་ངོམས་སུ་ཆོག་པ་དང་། གཟི་བརྗིད་དང་ལོ་རྒྱུས་ལྡན་པ་ཞིག་རེད།

༸གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས། བཙན་བྱོལ་དུ་བོད་མི་ཉུང་ཉུང་ལས་མེད་ཀྱང་མང་གཙོ་ཡོད་པ་དང་། བོད་མི་ཚོ་འཛམ་གླིང་རྒྱལ་ཁབ་སུམ་ཅུ་ལྷག་གི་ནང་དུ་ཁ་ཐོར་ཡོད་ཀྱང་། ང་ཚོ་བོད་མི་ཡིན། ང་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་གནང་བའི་མང་གཙོའི་ཐོབ་ཐང་འདི་ལེན་ནས་འོས་འཕེན་གྱི་ཡོད། བོད་ནང་གི་བོད་མི་ཚོའི་དངོས་འདོད་ཀྱང་མང་གཙོ་རེད། རྒྱ་ནག་ཏུ་ཡོད་པའི་རྒྱ་རིགས་མང་པོ་ཞིག་ལའང་མང་གཙོའི་འདོད་པ་ཡོད་རེད། དེར་བརྟེན། རྒྱ་ནག་གུང་ཁྲང་ཏང་གིས་བཙན་བྱོལ་བོད་མི་དང་། ཐེ་ཝན་གྱིས་མང་གཙོ་ལག་བསྟར་ཇི་ལྟར་བསྟར་གྱི་ཡོད་པར་མིག་དཔེ་ལྟ་དགོས་པ་གལ་ཆེན་པོ་རེད། ཅེས་རྒྱ་ནག་ལ་བརྡ་ལེན་གཏོང་གི་ཡོད་རེད།

བོད་ནང་གི་བོད་མི་ཚོས་རྒྱ་གཞུང་གི་གདུག་རྩུབ་དང་གཉའ་གནོན་འོག་སྡུག་བསྔལ་མྱངས་དང་མྱོང་བཞིན་ཡོད། རང་ལུས་མེར་བསྲེགས་གཏོང་མཁན་གཙོས་ད་ལྟར་བཙོན་ཁང་དུ་བོད་མི་བཙོན་པ་ཧ་ཅང་མང་པོ་ཡོད། ཁོ་ཚོ་ནི་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་ནམ་ཡང་བརྗེད་མེད། དབུ་མའི་ལམ་གཞི་བཞག་ཐོག་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ལ་འཐབ་རྩོད་མུ་མཐུད་ནས་བྱེད་ཀྱི་རེད། ཅེས་ཐེངས་འདི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཡིས་བརྡ་ལེན་གསལ་པོ་སྤྲོད་ཀྱི་ཡོད། ༢༠༢༡་ལོའི་སྲིད་སྤྱི་ལངས་མཁན་ཚང་མར་རྗེས་སུ་ཡི་རངས་དང་ལམ་ལྷོང་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡོད། སྲིད་སྤྱི་སུ་ཕེབས་ཀྱི་ཡོད་རུང་། བོད་མིའི་སྒྲིག་འཛུགས་ཀྱི་འགན་འཁྱེར་དགོས་ཀྱི་ཡོད་པ་དང་། ༸གོང་ས་མཆོག་གི་བཀའ་དགོངས་བཞིན་ཞབས་ཞུ་ཞུ་དགོས་ཀྱི་ཡོད་རེད། དེར་བརྟེན། ཁོ་ཚོ་ཚང་མར་བྱ་བ་ལམ་འགྲོ་ཡོང་བ་ཤོག་ཅེས་སྨོན་ལམ་གདབ་རྒྱུ་དང་། ཚང་མས་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་སོང་།

༢༠༢༡་ལོའི་བོད་མིའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ལ་དེབ་སྐྱེལ་བྱེད་མཁན་ཁྲི་བརྒྱད་ལྷག་བྱུང་ཡོད་འདུག ༢༠༢༡་ལོའི་ཟླ་༡་ཚེས་༣ཉིན། བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུ་ཆེན་མོའི་རྗེས། ༢༠༢༡ལོའི་ཟླ་༢་ཚེས་༨ཉིན། སྒྲིག་གསལ་འོས་དམིགས་དྲུག་ལས་མ་མང་བ་སྔོན་འགྲོའི་འོས་གཞིར་གསལ་བསྒྲགས་བྱ་རྒྱུ་ཡིན། ༢༠༢༡ལོའི་ཟླ་༣་ཚེས་༢༡ཉིན། དབུས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་གཞི་གསལ་བསྒྲགས་བྱ་རྒྱུ་ཡིན། དངོས་གཞིའི་འོས་གཞི་གསལ་བསྒྲགས་བྱས་ཉིན་ནས་སྒྲིག་གསལ་ཉིན་གྲངས་༢༠འཇོག་རྒྱུ། ༢༠༢༡ལོའི་ཟླ་༤ཚེས་༡༡ཉིན། བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་ཆེན་མོའི་དུས་ཚེས། ༢༠༢༡ལོའི་ཟླ་༥ཚེས་༡༤ཉིན། བོད་མིའི་སྒྲིག་འཛུགས་ཀྱི་འདེམས་ཐོན་སྲིད་སྐྱོང་གསར་འགོད་གསལ་བསྒྲགས་བྱ་རྒྱུ་ཡིན་འདུག

༢༠༢༡ལོའི་ཟླ་༡ཚེས་༣ཉིན། བོད་མི་མང་སྤྱི་འཐུས་སྐབས་༡༧པའི་སྔོན་འགྲོའི་འོས་བསྡུ་ཆེན་མོ་ཚར་རྗེས། ༢༠༢༡ལོའི་ཟླ་༢་ཚེས་༨ཉིན། སྒྲིག་གསལ་ཐོབ་ཁུངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་གསུམ་ལྡབ་ལས་མི་ཉུང་བའི་སྔོན་འགྲོའི་འོས་གཞི་གསལ་བསྒྲགས་བྱ་རྒྱུ་ཡིན། ༢༠༢༡་ལོའི་ཟླ་༣ཚེས་༢༡ཉིན། དབུས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་གཞི་ཁག་གསལ་བསྒྲགས་བྱ་རྒྱུ་ཡིན། ༢༠༢༡་ལོའི་ཟླ་༤ཚེས་༡༡ཉིན། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་དངོས་གཞི་འོས་བསྡུ་ཆེན་མོ་ཡིན། ༢༠༢༡ལོའི་ཟླ་༥ཚེས་༡༤ཉིན། འདེམས་ཐོན་སྤྱི་འཐུས་རྣམས་ཀྱི་མཚན་གཞུང་གསར་འགོད་གསལ་བསྒྲགས་བྱ་རྒྱུ་དང་། དོ་བདག་སོ་སོར་བཀོད་རྒྱ་གཏོང་རྒྱུ། སྒྲིག་གསལ་ཉིན་གྲངས་༡༥འཇོག་རྒྱུ་ཡིན། ༢༠༢༡་ལོའི་ཟླ་༥ཚེས་༢༩་ཉིན། འདེམས་ཐོན་སྤྱི་འཐུས་རྣམས་དམ་འབུལ་ཆེད་བཞུགས་སྒར་དུ་འབྱོར་རྒྱུ་དང་། ༢༠༢༡ལོའི་ཟླ་༥ཚེས་༣༠ཉིན། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་དམ་བཅའ་འབུལ་བཞེས་མཛད་སྒོ་གནང་རྒྱུ་ཡིན་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།