16
Tue, Apr

རྒྱ་གཞུང་གིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཟེར་བ་བཏགས་པའི་ཁང་པ་དང་སྒོ་ཆེན། རྡོ་རིང་། འགྲེམས་སྟོན་ཁང་བཅས་རེད།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༤་ཚེས་༧་ཉིན་སྤེལ། རྒྱ་གཞུང་གིས་“བོད་བཅིངས་གྲོལ་བཏང་བའི་ལོ་རྒྱུས”ཞེས་པ་ཁྱབ་བསྒྲགས་བྱེད་ཆེད་ཁང་པ་དང་འགྲེམས་སྟོན་ཁག་ཅིག་ལ་“རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་”ཟེར་བ་ཁག་ཅིག་གསར་དུ་མིང་བཏགས་ཡོད་འདུག་པ་མ་ཟད། ད་དུང་བོད་ལ་བཙན་འཛུལ་བྱས་པར་“བོད་བཅིངས་གྲོལ་བཏང་བ་”ཟེར་ནས་དྲིལ་བསྒྲགས་དང་སློབ་གསོ་ཡང་སྤེལ་བཞིན་ཡོད་འདུག

དེ་ཡང་། བོད་ནང་གི་བརྒྱུད་ལམ་ཁག་གི་གསར་འགྱུར་གྱི་ནང་དུ་སྤེལ་དོན་ལྟར་ན། ཉེ་ཆར་བོད་ཀྱི་རྒྱལ་ས་ལྷ་ས་ནང་དང་གཡས་གཡོན་གྱི་ཁང་པ་དང་སྒོ་ཆེན། རྡོ་རིང་། འགྲེམས་སྟོན་ཁང་ཁག་ཅིག་ལ་“རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི”་ཟེར་བ་མིང་གསར་པ་བཏགས་ཡོད་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་བོད་ནང་དུ་རྒྱ་གཞུང་གིས་བོད་ལ་བཅིངས་གྲོལ་ཟེར་བ་བཏང་བའི་ལོ་རྒྱུས་ལ་དྲན་གསོ་དང་བོད་ནང་དུ་ཡར་རྒྱས་བཏང་ཡོད་པའི་སྐོར་ལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་ཆེད་ཡིན་སྐོར་འགྲེལ་བརྗོད་བྱས་འདུག འདི་ནི་བོད་ཀྱི་གཞོན་སྐྱེས་རྣམས་ལ་བསམ་བློ་བཅོས་བསྒྱུར་བྱེད་ཆེད་དང་རྒྱ་གཞུང་གིས་མི་རབས་གསར་པ་རྣམས་ཀྱིས་རྒྱ་གཞུང་ལ་དགའ་མོས་ཐོབ་ཆེད་དུ་སྲིད་བྱུས་ཤིག་རེད་འདུག

གནས་ཚུལ་དེར་གཞིགས་ན། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ཟེར་བའི་ལས་ཁུངས་དེ་ཡིས་“བོད་དུ་བཅའ་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འཐུས་མིའི་ཐོག་ཁང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་གནས་ཡུལ་རྙིང་པ་དང་། བོད་དུ་བཅའ་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འཐུས་མིའི་གཞུང་ལས་ཁྲུའུ་ཡི་གནས་ཡུལ་རྙིང་པ། མཚོ་བོད་གཞུང་ལམ་འཛུགས་སྐྲུན་ལེགས་གྲུབ་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་འབྲེལ་ཡོད་དྲན་རྟེན་སྒྲིག་བཀོད་དང་གནམ་འོག་ལམ་བཟོ་རུ་ཁག་དང་པོ། སེང་གེ་ཁ་འབབ་ཀྱི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་། ཐའེ་ཀྲའོ་གནའ་གྲོང་གི་ལོ་རྒྱུས་གནའ་ཤུལ་དང་ཆེད་དོན་འགྲེམས་སྟོན་ཁང་བཅས་ལྔ་ལ་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་” ཟེར་བ་མིང་བཏགས་ནས་ཁྱབ་ཡོངས་གསལ་བསྒྲགས་བྱས་ཡོད་འདུག

“རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་”ཟེར་བ་མིང་བཏགས་ནས་འདི་དག་འགྲེམས་སྟོན་ཁང་ལྟ་བུ་བཟོས་ནས་བོད་ཀྱི་ལོ་རྒྱུས་ལ་འཁྱོགས་བཤད་དང་རྫུན་བཟོ། རྒྱ་གཞུང་གི་བོད་ལ་“བཅིངས་གྲོལ་དང་ཡར་རྒྱས་བཏང་”ཡོད་སྐོར་གྱི་མི་མང་ལ་སློབ་གསོ་དང་དྲིལ་བསྒྲགས་བྱེད་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་འདུག

གཞན་ཡང་། རྒྱ་གཞུང་གིས་“བོད་བཅིངས་གྲོལ་བཏང་”ནས་མི་ལོ་༦༤་འཁོར་བ་ཟེར་དྲིལ་བསྒྲགས་དང་ཁྲབ་སྟོན་འདྲ་མིན་བྱེད་བཞིན་ཡོད་འདུག གཟུགས་མཐོང་བརྙན་འཕྲིན་ནང་དང་དྲ་ཐོག དེ་བཞིན་ངོས་དངོས་ཁྲབ་སྟོན་འདྲ་མིན་སྤེལ་ནས་མི་མང་བློ་ཁ་བསྒྱུར་རྒྱུའི་སྲིད་བྱུས་སྔ་ལས་ལྷག་པ་ལག་བསྟར་བྱས་དང་བྱེད་བཞིན་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།