16
Tue, Apr

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ཟླ་བ་༢ ཚེས་༢༧་ཉིན་སྤེལ། ཉེ་ཆར་སི་པན་གྱི་གྲོས་ཚོགས་གོང་མའི་ཚོགས་ཁང་དུ། སི་པན་གྱི་གྲོས་ཚོགས་གོང་མའི་འཐུས་མི་གྲངས་༢༩ ལས་གྲུབ་པའི་སི་པན་གྱི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཡོད་འདུག ཚོགས་པ་དེའི་དམིགས་ཡུལ་ནི་རྒྱལ་སྤྱིའི་ཐོག་ནས་བོད་ཀྱི་གནད་དོན་དེ་ངོས་འཛིན་ཤུགས་ཆེ་ཡོང་ཐབས་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གོང་འཕེལ་གཏོང་ཐབས། བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཐབས་བཅས་འབད་རྒྱུ་ཡིན་སྐོར་གསུངས་འདུག

དེ་ཡང་། ཟླ་འདིའི་ཚེས་༢༡་ཉིན། སི་པན་གྱི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཀྱི་དབུ་འབྱེད་མཛད་སྒོ་ཞིག་སྤེལ་ཡོད་པ་དང་། དེའི་ཐོག གྲོས་ཚོགས་གོང་མའི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རོ་བྷར་ཊི་ (Robert Masih Nahar) མཆོག་དང་། གཞན་གྲོས་ཚོགས་གོང་མའི་འཐུས་མི་གྲངས་༣༥་ཙམ། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས། སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས། སི་པན་བོད་རིགས་ཚོགས་པའི་ཚོགས་གཙོ་རིག་འཛིན་སྒྲོལ་མ་ལགས་སོགས་ཕེབས་ཡོད་འདུག

དེ་ནས་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རོ་བྷར་ཊི་ (Robert Masih Nahar) མཆོག་གིས་གསུང་བཤད་གནང་དོན། ཚོགས་པ་དེའི་དམིགས་ཡུལ་ནི་རྒྱལ་སྤྱིའི་ཐོག་ནས་བོད་ཀྱི་གནད་དོན་དེ་ངོས་འཛིན་ཤུགས་ཆེ་ཡོང་ཐབས་དང་། ལྷག་པར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གོང་འཕེལ་གཏོང་ཐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་དབར་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཐབས། ཡུ་རོབ་ནང་གི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་གཞན་དང་མཉམ་འབྲེལ་གནང་ནས་ཡུ་རོབ་སྤྱི་མཐུན་ཚོགས་པའི་བོད་དོན་དམིགས་བསལ་སྐུ་ཚབ་ཅིག་བསྐོ་གཞག་ཡོང་ཐབས་འབད་བརྩོན་བྱ་རྒྱུ་ཡིན་སྐོར་གསུངས་འདུག

སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་སི་པན་གྱི་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་གིས་དབུས་པའི་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བར་ཐུགས་རྗེ་ཆེ་ཞུས་ཏེ་རྒྱ་ནག་གི་དབང་བསྒྱུར་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་རྣམས་ཀྱི་དཀའ་ངལ་དང་བོད་དོན་སྤྱིའི་སྐོར་འགྲེལ་བརྗོད་ཞུས་གནང་བ་མ་ཟད། གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བ་དེས་བོད་མིའི་སྒྲིག་འཛུགས་ནས་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པར་རྒྱབ་སྐྱོར་གནང་བ་མཚོན་གྱི་ཡོད། ཅེས་གསུངས་ཡོད་འདུག

ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས། སི་པན་བོད་རིགས་ཚོགས་པའི་ཚོགས་གཙོ་རིག་འཛིན་སྒྲོལ་མ་ལགས་བཅས་ནས་ཀྱང་སི་པན་གྱི་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་འབྲེལ་བོད་ནང་གི་དཀའ་ངལ་སྐོར་འགྲེལ་བརྗོད་དང་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་དགོས་པའི་རེ་སྐུལ་ཞུས་གནང་ཡོད་འདུག

སི་པན་གྱི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ནི་གཙོ་བོ་སི་པན་གྱི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རོ་བྷར་ཊི་(Robert Masih Nahar) མཆོག་ཕྱི་ལོ་༢༠༢༢་ལོར་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་ཚོགས་སྐབས་མཉམ་ཞུགས་གནང་རྗེས་བྱུང་བ་ཞིག་ཡིན་སྐོར་བརྗོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བརྙན་འཕྲིན་བརྒྱུད་སི་པན་གྱི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་དང་མ་འོངས་པར་སི་པན་གྱི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་བཞུགས་སྒར་རྡ་སར་ཕེབས་གནང་ཡོང་བའི་མགྲོན་འབོད་གནང་ཡོད་ཡོད་འདུག

སི་པན་རྒྱལ་ཁབ་ནང་སི་པན་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་རྗེས། ཕྱི་ལོ་༢༠༢༣ ཟླ་ ༢ ཚེས་༢༧ ཉིན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སི་པན་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རོ་བྷར་ཊི་(Robert Masih Nahar) མཆོག་དང་། ཚོགས་མི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག

ཚོགས་གཙོ་མཆོག་གི་འཕྲིན་ཡིག་ནང་དུ་འཁོད་དོན། སི་པན་རྒྱལ་ཁབ་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཐུབ་པ་མ་ཟད། ཕྱི་ལོ་༢༠༢༣ ཟླ་ ༢ ཚེས་ ༢༡ ཉིན་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་འབྱེད་གནང་རྒྱུ་ཡིན་པ་ཐོས་འཕྲལ་ང་ཚོ་དགའ་ཚོར་ཆེན་པོ་བྱུང་། དབུ་འབྱེད་ཀྱི་ཉིན་དེར་བོད་ཀྱི་ལོ་གསར་ཡང་འཁེལ་གྱི་ཡོད།

ངས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཉིད་དང་། སི་པན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཚོགས་པ་འདི་བརྒྱུད་སི་པན་རྒྱལ་ཁབ་ནང་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་ང་ཚོ་མཉམ་རུབ་ཀྱིས་ལས་འགུལ་སྤེལ་ཐུབ་ངེས་རེད། ཁྱེད་རྣམ་པའི་རྒྱབ་སྐྱོར་ནི་ང་ཚོར་གལ་འགངས་ཤིན་ཏུ་ཆེན་པོ་ཆགས་ཀྱི་ཡོད་ཅེས་འཁོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།