17
Tue, Sep

ཚན་རིག་པས་འཛམ་གླིང་བྱང་སྣེའི་ཁ་བའི་ནང་དུ་འགྱིག་རྡུལ་རྙེད་འདུག

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩་ལོའི་ཟླ་༨་ཚེས་༢༨་སྤེལ། ཉེ་ཆར་ཚན་རིག་པས་སྙན་ཐོ་ཞིག་བཏོན་པའི་ནང་། ཐ་ན་འཛམ་གླིང་བྱང་སྣེའི་(Arctic)ཁ་བའི་ནང་དུའང་ཧ་ཅང་ཕྲ་བའི་འགྱིག་རྡུལ་(Plastic particles)ཡོད་པར་བརྟག་དཔྱད་བརྒྱུད་ནས་རྙེད་ཡོད་པ་མ་ཟད། འཛམ་གླིང་གི་འབགས་བཙོག་ཆེ་བའི་རྒྱལ་ཁབ་ཏུ་འབབ་པའི་ཁ་བ་དང་ཆར་བའི་ནང་དུའང་དེ་ལས་མང་བའི་འགྱིག་རྡུལ་རྙེད་ཀྱི་ཡོད་པར་བརྗོད་འདུག

དེ་ཡང་། ཉེ་ཆར་འཇར་མན་གྱི་ཚན་རིག་པ་ཁག་ཅིག་གིས་འཛམ་གླིང་བྱང་སྣེ་ལ་སོང་ནས། དེའི་གའི་ཁ་བར་བརྟག་དཔྱད་བྱས་པ་བརྒྱུད། ཁ་བ་ལི་ཊར་(litre)་གཅིག་གི་ནང་འགྱིག་རྡུལ་གྲངས་༡༠༠༠༠་རྙེད་མཐར་ཚན་རིག་པ་ཚོ་ཧ་སངས་དགོས་པ་བྱུང་འདུག

འཇར་མན་དང་སུད་སུ་ཉམས་ཞིབ་སྡེ་ཚན་ནས་བཏོན་པའི་ཚན་རིག་སྙན་ཐོའི་ནང་། ཚན་རིག་པ་ཚོས་འཛམ་གླིང་བྱང་སྣེའི་ཁ་བའི་ནང་འགྱིག་རྡུལ་དང་། འགྱིག་སུབ་རྡུལ་། སྤུ་ཡི་ཉག་མ། རྩི་ཤིང་ཕྲ་མོ་སོགས་རྙེད་ཡོད་འདུག

སའི་གོ་ལའི་ཆེས་གཙང་བའི་འཛམ་གླིང་བྱང་སྣེའི་མཁའ་དབྱིངས་སུ་ཧ་ཅང་ཕྲ་བའི་འགྱིག་རྡུལ་ཡོད་ན། འབགས་བཙོག་ཆེ་བའི་རྒྱལ་ཁབ་ཀྱི་མཁའ་དབྱིངས་སུ་འགྱིག་རྡུལ་ཡོད་པ་སྨྲ་མི་དགོས་པ་ཞིག་རེད་ཅེས་ཚན་རིག་པས་བརྗོད་ཡོད་འདུག དེས་མིའི་འཕྲོད་བསྟེན་ལ་གནོད་ཀྱི་ཡོད་མེད་ཐོག་ད་དུང་གནས་ཚུལ་གསལ་ཁ་བྱུང་མི་འདུག

འཇར་མན་གྱི་ཨལ་ཧྥ་རེ་ཌི་ཝེ་ཇེ་ནེར་སློབ་གཉེར་ཁང་ནང་གི་བརྟག་དཔྱད་ཁང་ཞིག་གིས། འཛམ་གླིང་བྱང་སྣེ་ནས་འཁྱེར་ཡོང་བའི་ཁ་བར་བརྟག་དཔྱད་བྱས་མཐར། དེའི་ནང་དུ་ཁོ་ཚོ་ཧང་སང་དགོས་པའི་འགྱིག་རྡུལ་ཕྲ་མོ་རྙེད་ཡོད་ཀྱང་། དེ་དག་ཆུང་དྲགས་པས་ས་ཕྱོགས་གང་ནས་ཡོང་མིན་གྱི་སྐོར་ལ་བརྟག་དཔྱད་བྱེད་ཐུབ་མེད་པ་རེད།

ཚན་རིག་པས་ཚོས་འཇར་མན་དང་སུད་སུའི་ས་ཆ་ཁག་ནས་ཁ་བ་བླངས་ཏེ་བརྟག་དཔྱད་བྱེད་སྐབས། འཛམ་གླིང་བྱང་སྣེའི་ཁ་བའི་ནང་ལས ། སུ་ཁུལ་དེ་དག་གི་ཁ་བའི་ནང་དུ་འགྱིག་རྡུལ་མང་པོ་ཡོད་པར་ར་འཕྲོད་བྱུང་འདུག

དེ་སྔོན་ཡང་། ཧྥ་རིན་སུ་དང་། དབྱིན་ཡུལ། རྒྱ་ནག་བཅས་ལ་འགྱིག་རྡུལ་ཕྲ་མོ་ནམ་མཁའ་ནས་ཟགས་ཡོད་པའི་གནས་ཚུལ་བྱུང་ཡོད་འདུག

དེ་ནས་འཛམ་གླིང་བྱང་སྣེའི་ཁ་བའི་ནང་དུ་འགྱིག་རྡུལ་གཙོ་པའི་སྤུའི་ཉག་མ་སོགས་ག་འདྲ་བྱས་ནས་སླེབས་ཡོད་མེད་ཐོག ཚན་རིག་པ་ཚོས་འདི་ལྟར་བརྗོད་འདུག་སྟེ། རླུང་དང་། ཁ་བ། རླངས་པ་སོགས་བརྒྱུད་ནས་སླེབས་ཡོད་ཚོད་བརྗོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།