19
Fri, Apr

ཁ་ཎ་ཌའི་ཞིང་ཆེན་བྷུན་སུ་ཝི་ཁི་གསར་པའི་ (New Brunswick)ནང་ཡོད་པའི་ཁུང་ཙི་སློབ་གཉེར་ཁང་ཞིག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༨་ཚེས་༢༩་ཉིན་སྤེལ། ཉེ་ཆར། ཁ་ཎ་ཌ་དང་ཨོ་གླིང་གཙོས་པའི་རྒྱལ་ཁབ་ཁག་ཅིག་གི་ནང་། རྒྱ་གཞུང་གིས་བཙུགས་པའི་ཁུང་ཙི་སློབ་གཉེར་ཁང་ཞེས་པའི་ནང་རྒྱ་ནག་གི་སྐད་ཡིག་དང་རིག་གཞུང་སློབ་བཞིན་ཡོད་ཅིང་། སློབ་གཉེར་ཁང་དེ་བརྒྱུད་ནས་རྒྱ་གཞུང་གི་ལྟ་བ་སྤེལ་བ་དང་སྨྲ་བརྗོད་རང་དབང་སོགས་བརྩི་སྲུང་བྱེད་ཀྱི་མེད་པར་བརྟེན། ཨ་རི་དང་། ཁ་ཎ་ཌ། ཨོ་གླིང་བཅས་ཀྱིས་སློབ་གཉེར་ཁང་དེ་དག་སྒོ་རྒྱག་བཞིན་ཡོད་འདུག

དེ་ཡང་། ཟླ་འདིའི་ཚེས་༢༦་ཉིན། སེ་བྷི་སེ(CBC)་གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། ཁ་ཎ་ཌའི་ཞིང་ཆེན་བྷུན་སུ་ཝི་ཁི་གསར་པའི་ (New Brunswick)སློབ་གྲྭ་ཁག་གི་ནང་། རྒྱ་གཞུང་གིས་དཔལ་འབྱོར་རོགས་སྐྱོར་དང་འཛིན་སྐྱོང་བྱེད་བཞིན་པའི་ཁུང་ཙི་སློབ་གཉེར་ཁང་དུ། རྒྱ་ནག་གི་སྐད་ཡིག་དང་རིག་གཞུང་སློབ་ཀྱི་ཡོད་འདུག འོན་ཀྱང་། སློབ་གཉེར་ཁང་དེའི་ནང་། རྒྱ་ནག་དང་འབྲེལ་བའི་གནས་ཚུལ་ངན་པའི་ཐོག་གླེང་སློང་བྱེད་ཆོག་གི་མེད་པ་དང་། སློབ་མ་ཚོའི་སྨྲ་བརྗོད་རང་དབང་ཡང་འགོག་ཐབས་བྱེད་བཞིན་ཡོད་འདུག དེར་བརྟེན། ཕྱི་རྒྱལ་སློབ་གཉེར་ཁང་ཁག་གི་ནང་། རྒྱ་ནག་གི་ཤུགས་རྐྱེན་ངན་པ་སླེབས་ཀྱི་ཡོད་པར་མི་མང་པོས་སྐྱོན་བརྗོད་བྱས་ཡོད་འདུག

ཉེ་ཆར། ཁ་ཎ་ཌ་བྷུན་སུ་ཝི་ཁི་གསར་པའི་ཞིང་ཆེན་དེའི་ཤེས་ཡོན་འགན་འཛིན་ཌོ་མི་ཎི་ཁར་ཌེ (Dominic Cardy)་ཡིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཞིང་ཆེན་དེའི་ནང་ཡོད་པའི་ཁུང་ཙི་སློབ་གཉེར་ཁང་ཁག་འདི་ལོའི་ཟླ་༩་པའི་ནང་ནས་སློབ་ཆུང་དང་སློབ་འབྲིང་༡༨་ནས་མེད་པར་བཟོ་རྒྱུ་ཡིན་སྐོར་གསལ་འདུག འོན་ཀྱང་། རྒྱ་ནག་དང་གྲོས་ཆོད་བཞག་ཡོད་པ་ལྟར། ༢༠༢༢་ལོ་བར་དུ་རྒྱ་ཡིག་ཁོ་ན་སློབ་རྒྱུ་ཡིན་པར་བརྗོད་འདུག

ཤེས་ཡོན་འགན་འཛིན་ཌོ་མི་ཎི་ཁར་ཌེ་ཡིས་བརྗོད་དོན། ངས་སློབ་གཉེར་ཁང་གི་ནང་སྨྲ་བརྗོད་རང་དབང་མེད་པར་བཟོས་བར་སེམས་ཁུར་བྱེད་ཀྱི་ཡོད། ལྷག་པར་དུ། རྒྱལ་ཁབ(རྒྱ་ནག)་དེ་ཡིས་རང་དབང་ལ་བརྩི་འཇོག་བྱེད་ཀྱི་མེད་པ་རེད་ཅེས་དང་། ཁོས་མུ་མཐུད་ནས་ཁུང་ཙི་སློབ་གཉེར་ཁང་སྒོ་རྒྱག་དགོས་པའི་རྒྱུ་མཚན་སྐོར་བཤད་དོན། ཁུང་ཙི་སློབ་གཉེར་ཁང་ནང་། ཁུང་ཙིའི་སློབ་གཞིའི་ལས་རིམ་ནང་མེད་པའི་རྒྱ་ནག་གི་ལོ་རྒྱུས་དེ་འདྲ་སློབ་ཀྱི་ཡོད་པའི་སྐོར། སློབ་མ་ལྔ་ལྷག་གིས་ཞུ་གཏུགས་བྱས་སོང་ཞེས་བརྗོད་འདུག

ཁུང་ཙི་སློབ་གཉེར་ཁང་ནི་ཁ་ཎ་ཌའི་ཞིང་ཆེན་བྷུན་སུ་ཝི་ཁི་གསར་པའི་ནང་། ༢༠༠༨ལོ་ནས་འགོ་བརྩམས་ཡོད་པ་དང་། ༢༠༡༦ལོ་ནས་སློབ་མ་༥༠༠༠་ལྷག་ལས་རིམ་དེའི་ནང་ཞུགས་ཡོད་འདུག ལས་རིམ་དེ་ནི་རྒྱ་ནག་གི་སྐད་ཡིག་དང་རིག་གཞུང་སློབ་རྒྱུ་དང་དར་སྤེལ་གཏོང་རྒྱུ་དེ་ཡིན་འདུག

འོན་ཀྱང་། ལས་རིམ་དེའི་ཐོག་ལ་སྐྱོན་བརྗོད་དང་ཉེན་བརྡ་གཏོང་མཁན་མང་པོ་བྱུང་ཡོད་འདུག་པ་དང་། དེའི་ཁྲོད་ནས་ཁུང་ཙི་སློབ་གཉེར་ཁང་ནི་རྒྱ་ནག་གི་གསང་ཉུལ་འཁོར་སྐར་ལས་ཁུངས་ཤིག་ཡིན་པའི་ཉེན་བརྡ་ཡང་བཏང་འདུག

རྒྱ་ནག་གིས་རྒྱབ་སྐྱོར་བྱེད་པའི་ཁུང་ཙི་སློབ་གཉེར་ཁང་དེས། འཛམ་གླིང་ས་ཕྱོགས་གང་སའི་སློབ་གཉེར་ཁང་དང་གཞུང་ལས་ཁང་མང་པོ་ཞིག་དང་ཟླ་སྦྲེལ་བྱས་ནས། རྒྱ་ནག་གི་སྐད་ཡིག་དང་རིག་གཞུང་དར་སྤེལ་གཏོང་བཞིན་ཡོད་འདུག དེར་བརྟེན། མི་མང་པོ་ཞིག་གིས་སློབ་གཉེར་ཁང་དེ་ནི་རྒྱ་ག་དམར་གཞུང་གི་ལྟ་གྲུབ་དང་རིག་གཞུང་དར་སྤེལ་བྱེད་ས་སོགས་ཡིན་པར་ཞུ་གཏུགས་དང་། ངོ་རྒོལ། སྐྱོན་བརྗོད་བཅས་བྱས་ཡོད་འདུག

༢༠༡༨ལོའི་ནང་། ཨ་རིའི་ནང་ཁུང་ཙི་སློབ་གཉེར་ཁང་༡༠༠་ལྷག་ཡོད་པ་དང་། དེ་ཚོ་ཡང་། རྒྱ་ནག་གཞུང་གིས་དཔལ་འབྱོར་འགྲོ་སོང་དང་འཛིན་སྐྱོང་བྱེད་ཀྱི་ཡོད་འདུག སློབ་གཉེར་ཁང་དེ་དག་བརྒྱུད་རྒྱ་ནག་གཞུང་ནས་ཨ་རིའི་ཤེས་ཡོན་སློབ་གསོའི་ནང་རྒྱ་ནག་གི་འདོད་ཕྱོགས་དང་མཐུན་པའི་ཤུགས་རྐྱེན་སྤྲོད་ཐབས་བྱེད་ཀྱི་ཡོད་པར་མང་པོས་སྐྱོན་བརྗོད་བྱས་ཡོད་པ་དང་། ཨ་རིའི་ནང་གི་སློབ་གཉེར་ཁང་མང་པོ་ཞིག་གིས་རྒྱ་ནག་དང་མཉམ་དུ་སློབ་གཞིའི་ལས་རིམ་དེ་མཇུག་རྫོགས་རྗེས་སྒོ་རྒྱག་རྒྱུ་ཡིན་པར་བརྗོད་འདུག

གཞན་ཡང་། ༢༠༡༩ལོའི་ཟླ་༨ཚེས་༢༢་ཉིན། ཨོ་གླིང་སི་ཎི་ཤེས་ཡོན་སྡེ་ཚན་ནས་གསལ་བསྒྲགས་ཤིག་གི་ནང། ཨོ་གླིང་ནང་གི་སི་ཎི་དང་ལྷོ་ཝེ་ལི་གསར་པའི་ནང་། འདི་ལོའི་ལོ་མཇུག་ཏུ་གཞུང་གི་སློབ་གཉེར་ཁང་༡༣་ནང་དུ། ཁུང་ཙི་སློབ་གཉེར་ཁང་རྣམས་སྒོ་རྒྱག་རྒྱུ་ཡིན་པར་གསལ་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།