18
Thu, Apr

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༤་ཚེས་༡༤ཉིན། ཨ་རི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཞིག་གིས་རྒྱ་ནག་ནི་ཨ་རི་ཡི་ཁ་གཏད་གཙོ་བོ་ཞིག་ཏུ་གྱུར་ཡོད་པས། རྒྱ་ནག་གི་བྱ་སྤྱོད་ལ་ཆུ་ཚོད་བཅུ་རེའི་ནང་དུ་རྟོག་ཞིབ་བྱ་རྒྱུ་ཡིན་པར་བརྗོད་འདུག

དེ་ཡང་། གོང་ཚེས་ཉིན། ཨ་རི་སྤྱི་མཐུན་རྟོག་ཞིབ་ལས་ཁུངས་དང་རྒྱལ་ནང་གསང་བ་ལས་ཁུངས་སོགས་ཀྱི་འགན་འཛིན་རྣམ་པས་ཨ་རི་གྲོས་ཚོགས་གོང་མའི་གསང་བའི་ལས་ཁུངས་ཀྱི་ཚོགས་མི་ཚོར་ཉན་ཞིབ་བམ་གཏམ་བཤད་སྤེལ་ཞིག་ཡོད་འདུག

སྐབས་དེར། ཨ་རི་སྤྱི་མཐུན་རྟོག་ཞིབ་ལས་ཁུངས་ཀྱི་འགན་འཛིན་ཁི་སི་ཊོ་ཧྥི་རེ་ཡིས་བརྗོད་དོན། ང་ཚོ་ད་ལྟར་རྒྱ་ནག་གཞུང་དང་འབྲེལ་བའི་ལས་དོན་རྟོག་ཞིབ་གྲངས་ཉིས་སྟོང་ལྷག་ཙམ་ཡོད། ད་ནས་བཟུང་ང་ཚོས་རྒྱ་ནག་གི་བྱ་སྤྱོད་ལ་ཆུ་ཚོད་བཅུ་རེའི་ནང་ནས་རྟོག་ཞིབ་གསར་པ་རེ་བྱ་རྒྱུ་ཡིན། དེ་ནི་ང་ཚོའི་ལས་རོགས་རྣམས་ལ་ལས་ཀ་བྱེད་རྒྱུ་མེད་པ་ཞིག་མིན་པར་རྒྱ་ནག་ནི་ཉེན་ཁ་ཅན་ཞིག་ཏུ་གྱུར་ཡོད་པས་ཡིན་སྐོར་འགྲེལ་བརྗོད་བྱས་འདུག

གཞན་ཡང་། ཨ་རི་རྒྱལ་ནང་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཨ་ཝུ་རི་ལི་ཧན་སི་ཡིས་རྒྱ་ནག་ནི་ཨ་རི་ལ་ཕྱོགས་མང་པོ་ཞིག་ནས་ཁ་གཏད་གཅོད་མཁན་གྱི་འགྲན་སྡུར་བ་གཙོ་བོ་ཞིག་ཆགས་ཡོད། རྒྱ་གཞུང་གིས་རྒྱལ་སྤྱིའི་ལམ་ལུགས་ལ་བཙན་གྱིས་བསྐྱར་བཅོས་བྱེད་ཐབས་བྱས་ནས་རྒྱ་ནག་གི་དབང་གཙོ་ལམ་ལུགས་ལ་རྒྱབ་སྐྱོར་འོང་ཐབས་བྱེད་ཀྱི་ཡོད། རྒྱ་ནག་ནི་དྲ་ལམ་ནུས་ཚད་ཡོད་མཁན་ཞིག་རེད། གལ་སྲིད་དྲ་ལམ་ངན་སྤྱོད་བྱས་ན་ཨ་རིའི་རྨང་གཞིའི་འཛུགས་སྐྲུན་ལ་གནོད་སྐྱོན་གཏོང་ཐུབ་ཀྱི་རེད། ཅེས་བརྗོད་འདུག

ཉན་ཞིབ་དེའི་རིང་། ཨ་རིའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་རྣམས་ཀྱིས་སྤྱི་ཚོགས་དྲ་རྒྱའི་ཤུགས་རྐྱེན་ངན་པ་དང་དྲྭ་གནས་འཇབ་འཛུལ་གྱི་ཉེན་ཁ་སོགས་ཀྱི་སྐོར་ལ་གླེང་ཡོད་འདུག སྐབས་དེར། ཨ་རི་གྲོས་ཚོགས་གོང་མའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་མར་ཁི-ཝར་ནེར་བརྗོད་དོན། སྐྱེ་ལྡན་རྫས་སྦྱོར་གྱི་གོ་མཚོན་བཀག་སྡོམ་བྱས་པ་བཞིན། ང་ཚོས་དྲ་རྒྱའི་འཇབ་རྒོལ་བཀག་སྡོམ་བྱེད་ཐུབ་པའི་རྒྱལ་སྤྱིའི་ཁྲིམས་གསར་པ་ཤིག་བཟོ་སྲིད་པ་རེད། ཅེས་བརྗོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།