བོད་དམག་ཟུར་པ་གཉིས་ནས་བོད་དོན་འཕྲུལ་རྟ་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་འགོ་བརྩམས་སོང་།
ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༡༠ ཉིན། བོད་དམག་ཟུར་པ་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་༣༦ འཁོར་བའི་དུས་དྲན་དང་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་བོད་དོན་འཕྲུལ་རྟ་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་འགོ་བརྩམས་སོང་། ལས་འགུལ་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་བརྩེའི་ལོ་སྲུང་བརྩི་དང་། རྒྱ་གར་གཞུང་དམངས་གཉིས་ལ་བཀའ་དྲིན་རྗེས་དྲན། བོད་ནང་རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ངོ་བོ་བཅས་རྩ་མེད་གཏོང་བཞིན་ཡོད་པའི་སྐོར་གོ་རྟོགས་ལས་འགུལ་དང་རྒྱ་གར་གཞུང་ལ་རྒྱ་གར་གྱི་ས་མཚམས་བོད་ཡིན་པ་ལས་རྒྱ་ནག་མིན་པའི་པའི་ལོ་རྒྱུས་དེ་ངོས་འཛིན་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་འདུག