ཕྱི་ལོ་༢༠༢༥ ཟླ་༧ ཚེས་༡༢ ཉིན། བཞུགས་སྒར་དྷ་སའི་ས་གནས་འགོ་འཛིན་ཚོགས་ཁང་དུ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཞབས་ཞུ་ཚོགས་པའི་གོ་སྒྲིག་འོག རྒྱལ་གཅེས་དཔའ་བོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་རྒྱ་དམར་གཞུང་གི་བཙོན་འོག་ནས་སྐུ་གྲོངས་ནས་མི་ལོ་༡༠ འཁོར་བའི་རྗེས་དྲན་གྱི་གཏམ་བཤད་ཞིག་ཚོགས་གནང་སོང་། སྐབས་དེར། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་རྣམས་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་། ཤེས་ཡོན་དང་འཕྲོད་བསྟེན། ཁོར་ཡུག་དང་རི་དྭགས་སྲུང་སྐྱོབ་སོགས་ཀྱི་སྐོར་གཏམ་བཤད་གནང་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་ཉིན་དགུང་ཆུ་ཚོད་༢ པའི་ཐོག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཞབས་ཞུ་ཚོགས་པའི་གོ་སྒྲིག་འོག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་རྒྱ་དམར་གཞུང་གི་བཙོན་འོག་ནས་སྐུ་གྲོངས་ནས་མི་ལོ་༡༠ འཁོར་བའི་རྗེས་དྲན་དང་འབྲེལ་གཏམ་བཤད་ཞིག་ཚོགས་གནང་སོང་། སྐབས་དེར། གཏམ་བཤད་རྣམས་ནི་རིན་པོ་ཆེ་མཆོག་གི་ཞབས་ཞུ་ཚོགས་པའི་འགན་འཛིན་དང་ཆབ་སྲིད་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས། བོད་རང་དབང་སློབ་ཕྲུག་ཚོགས་པའི་སྐུ་ཚབ་ངག་དབང་ཆོས་སྒྲོན་ལགས་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཚོགས་གཙོ་བློ་བཟང་དབྱངས་མཚོ་ལགས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས། བོད་ཀྱི་གཞོན་ནུའི་སྐུ་ཚབ་དྲུང་གཞོན་བཀྲ་ཤིས་རྟགས་རྒྱས་ལགས། ཉི་ཧོང་ནས་ཡིན་པའི་ཨེན་ཇི་ཨོ་བྱིས་པའི་རེ་བ་ཚོགས་པའི་ཚོགས་གཙོ་ཧི་རོ་ཧྥུ་མི་ཀ་མེ་ཌ་(Hirofumi Kameda) ལགས། ཕྱི་དྲིལ་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཚོགས་གཙོ་བསྟན་འཛིན་ཟླ་བ་ལགས་བཅས་རེད་འདུག
གཏམ་བཤད་པ་དང་ཚོགས་བཅར་རྣམས་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་པོ་མཆོག་སྐུ་མྱ་ངན་ལས་འདས་ནས། ལོ་ངོ་ཧྲིལ་པོ་བཅུ་འཁོར་བའི་རྗེས་དྲན་གནང་སོང་།
ཐོག་མར། སྐུ་མགྲོན་གཙོ་བོ་བདེ་སྲུང་དྲུང་འཕར་བསྟན་འཛིན་དོན་ལྡན་ལགས་ཀྱིས་རྒྱལ་གཅེས་དཔའ་བོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐུ་པར་མདུན་གྱི་སྣང་གསལ་མར་མེ་ཞལ་ཕྱེ་གནང་རྗེས། རྒྱ་གཞུང་གི་མནར་གཅོད་འོག་སྐུ་སྲོག་ཤོར་པ་དང་སྡུག་གྱོང་མྱངས་དང་མྱོང་བཞིན་པའི་གཞིས་ལུས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ། གདུང་སེམས་མཉམ་སྐྱེད་ཀྱི་མྱ་ངན་ངག་བཅད་སྐར་མ་གཅིག་ལ་གནང་སོང་། དེ་བཞིན་ཚོགས་བཅར་བ་ཡོངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་སོང་།
དེ་ནས་དྲུང་འཕར་བསྟན་འཛིན་དོན་ལྡན་མཆོག་གིས་ཉི་མ་ལྷ་མོའི་བདེན་དོན་གླེང་བའི་གཏམ་གྱི་དཔེ་དེབ་རྒྱ་ཡིག་དུ་བསྒྱུར་བ་དེ་དབུ་འབྱེད་གནང་བ་དང་སྦྲགས། ཉི་མ་ལྷ་མོའི་བདེན་དོན་གླེང་བའི་གཏམ་རྒྱ་ཡིག་ཏུ་སྒྱུར་མཁན་མཁས་དབང་གནམ་ལོ་ཡག་ལགས་ཀྱིས་དྲ་ལམ་བརྒྱུད་རྗེས་དྲན་དང་འབྲེལ་བའི་གསུང་བཤད་གནང་དོན། དཔེ་དེབ་འདིའི་ནང་གི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་དམར་གཞུང་གིས་མ་ཉེས་ཁ་གཡོག་བྱས་ནས་སྐུ་གྲོངས་པའི་དབར་གྱི་དོན་རྐྱེན་འདི་ནི་བོད་ནང་ཆབ་སྲིད་ཀྱི་ཐོབ་ཐང་མེད་པ་དང་། ཆོས་ལུགས་ཐོབ་ཐང་མེད་པ། དཔལ་འབྱོར་ཐོབ་ཐང་མེད་པ། ཤེས་རིག་ཐོབ་ཐང་མེད་པ། སློབ་གསོའི་ཐོབ་ཐང་མེད་པ། མཐའ་ན་མི་རིགས་སྐྱེད་སྲིང་གི་ཐོབ་ཐང་མེད་པ་བཅས་མཚོན་གྱི་ཡོད་རེད། ཅེས་བརྗོད་སོང་།
དེའི་རྗེས། རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་དྲ་ལམ་བརྒྱུད་ལོ་ངོ་བཅུ་འཁོར་བའི་རྗེས་དྲན་དང་འབྲེལ་བའི་གཏམ་བཤད་གནང་དོན། དེ་རིང་ནི་ང་ལ་མཚོན་ན་ནམ་ཡང་བརྗེད་མི་སྲིད་པའི་ཉི་མ་ནག་པོ་ཞིག་ཡིན། དེ་གང་ཡིན་ཟེར་ན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་དམར་ཤོག་གཞུང་གིས་མ་ཉེས་ཁ་གཡོག་འོག་ཏུ་སྐུ་བཀྲོངས་ནས་མི་ལོ་ཧྲིལ་པོ་བཅུར་འཁོར་བའི་དུས་དྲན་ཉིན་མོ་རེད། ངས་འདི་ནས་ཡར་དྲན་སོས་པ་ཞིག་ལ་རིན་པོ་ཆེའི་སྐུ་གདུང་ལ་ངས་ལག་པས་འཇུས་ནས་ངུ་འབོད་བྱེད་ཀྱིན་དམ་བཅའ་ཞིག་བཞག་ཡོད། ངའི་མི་ཚེ་ནང་ལ་རིན་པོ་ཆེ་ལ་རྒྱ་ནག་གཞུང་གིས་མ་ཉེས་ཁ་གཡོག་བྱས་པའི་བདེན་མཐའ་མ་གསལ་བར་དུ་དྲང་བདེན་ཅན་གྱི་འཛམ་གླིང་མི་མང་མདུན་དུ་གསལ་བཤད་གཏན་གཏན་བྱེད་ངེས་ཡིན་ཞེས་ཞུས་ཡོད། དེ་ནི་ང་མ་ཤི་དབར་དམ་བཅའ་དེ་འདོར་མི་སྲིད། ཅེས་བརྗོད་སོང་།
དེ་ནས་རིན་པོ་ཆེ་མཆོག་གི་ཞབས་ཞུ་ཚོགས་པའི་འགན་འཛིན་དང་ཆབ་སྲིད་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་ཀྱིས་གཏམབཤད་གནང་སྐབས། ཁོང་གིས་རིན་པོ་ཆེ་མཆོག་ཐོག་མར་རྒྱ་གར་ལ་ཡོང་ནས་རྒྱ་གར་ལྷོ་ཕྱོགས་སུ་སློབ་གཉེར་གནང་ཡོད་པ་དང་། དེ་ནས་༸གོང་ས་མཆོག་གིས་རིན་པོ་ཆེ་བོད་དུ་ལོག་ནས་ཞབས་ཞུ་སྒྲུབ་དགོས་པའི་བཀའ་སློབ་གནང་བ་ལྟར་ཁོང་བོད་ལ་ཕེབས་ཡོད་སྐོར། དེ་ནས་རིན་པོ་མཆོག་གིས་ལི་ཐང་དང་རྫོང་དུ་སངས་རྒྱས་ཀྱི་ཆོས་དར་འཕེལ་ཡོང་ཆེད་དགོན་པ་ཆེ་ཆུང་དགུ་ཕྱག་བཏགས་ཡོད་པ་མ་ཟད། དྭ་ཕྲུག་དང་ཞིང་འབྲོག་ཚོའི་བྱིས་པ་ཆེད་སློབ་གྲྭ་དང་། རྒས་ཁོག་བདག་མེད་ཚོའི་ཆེད་རྒས་གསོ་ཁང་ཕྱག་བཏབས་གནང་བའི་སྐོར། དེ་བཞིན་རྒྱ་གཞུང་གིས་བོད་མིའི་ཤིང་ནགས་གཅོད་བྲེག་དང་གཏེར་ཁ་བསྔོག་འདོན་ལ་བཀག་འགོག་དང་ངོ་རྒོལ་གནང་ཡོད་སྐོར་སོགས་གསུངས་སོང་།
དེའི་རྗེས། བོད་རང་དབང་སློབ་ཕྲུག་ཚོགས་པའི་སྐུ་ཚབ་ངག་དབང་ཆོས་སྒྲོན་ལགས་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཚོགས་གཙོ་བློ་བཟང་དབྱངས་མཚོ་ལགས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས། བོད་ཀྱི་གཞོན་ནུའི་སྐུ་ཚབ་དྲུང་གཞོན་བཀྲ་ཤིས་རྟགས་རྒྱས་ལགས། ཉི་ཧོང་ནས་ཡིན་པའི་ཨེན་ཇི་ཨོ་བྱིས་པའི་རེ་བ་ཚོགས་པའི་ཚོགས་གཙོ་ཧི་རོ་ཧྥུ་མི་ཀ་མེ་ཌ་(Hirofumi Kameda) ལགས། ཕྱི་དྲིལ་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཚོགས་གཙོ་བསྟན་འཛིན་ཟླ་བ་ལགས་བཅས་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་རྩེ་གཅིག་དང་ལྷག་བསམ་རྣམ་དག ཁོང་གིས་བཀའ་དགོངས་བཞིན་བོད་ཀྱི་ཆོས་དང་རིག་གཞུང་། ཤེས་ཡོན། ཁོར་ཡུག་སོགས་དར་སྤེལ་དང་སྲུང་སྐྱོབ་གནང་བར་བརྟེན་ནས་རྒྱ་དམར་གཞུང་མ་དགའ་ནས་རིན་པོ་ཆེ་ལ་མ་ཉེས་ཁ་གཡོགས་བྱས་ནས་བཙོན་འཇུག་དང་མཐའ་སྐུ་སྲོག་འཕྲོག་པ་བྱུང་ཡོད་པའི་སྐོར་སོགས་གསུངས་སོང་། ཁོང་ནི་བོད་ཀྱི་དཔའ་བོ་དང་གཞིས་ལུས་བོད་མི་ཚོར་རྒྱ་གཞུང་གིས་ཇི་ལྟར་མནར་གཅོད་བཏང་གི་ཡོད་མེད་ཀྱི་དཔེ་མཚོན་རེད་ཅེས་དང་། རིན་པོ་ཆེའི་མ་ཉེས་ཁ་གཡོག་གནད་དོན་འདི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་མུ་མཐུད་ནས་རྒྱལ་སྤྱིའི་ཐོག་གླེང་རྒྱུ་དང་། རྒྱ་དམར་གཞུང་ནས་ཁོང་ལ་དྲང་བདེན་ཞིག་མ་ཡོང་དབར་དུ་ཁོང་གི་ཆེད་དུ་ཞུ་གཞུགས་དང་རྒྱ་གཞུང་ལ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་གསུངས་སོང་།
མཐའ་མར། ཞབས་ཞུ་ཚོགས་པའི་ཚོགས་མི་བཙུན་མ་བདེ་ལེགས་དབྱངས་སྒྲོན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུ་བའི་གཏམ་བཤད་གནང་ནས་རྗེས་དྲན་བྱེད་སྒོ་མཇུག་སྡུད་སོང་།