28
Sun, Apr

༢༠༢༠་ལོའི་ཟླ་༡༡་ཚེས་༡༨ཉིན། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཊི་-ཡོ་ཧོ་ (Ted Yoho)།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་ ༡༡ ཚེས་ ༡༨ ཉིན། ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་། བོད་ཀྱི་ཆོས་དང་རིག་གཞུང་གལ་གནད་འཛིན་པའི་ཐོག་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཀྱི་གནས་བབ་ལ་ངོས་འཛིན་དགོས་པ་དང་། བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་ཞི་བདེ་དང་འཚེ་མེད་ཞི་བ་གོང་སྤེལ་གཏོང་བཞིན་པར་བསྔགས་བརྗོད་ཡི་རངས་ཞུ་ཆེད་ཀྱི་གྲོས་ཆོད་ལ་གྲོས་ཚོགས་འཐུས་མིས་རྒྱབ་སྐྱོར་ཐོབ་ནས་ཁྲིམས་འཆར་གཏན་འབེབས་གནང་འདུག

དེ་ཡང་། གོང་ཚེས་ཉིན། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཊི་-ཡོ་ཧོ་ (Ted Yoho) ལགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་ཡིག་ཆ་ཨང་ ༦༩༧ (H. Res. 697)་ཞེས་པ་ཞིག་གྲོས་ཚོགས་འོག་མའི་ནང་དུ་བཏོན་ཡོད་འདུག དེའི་ནང་དུ་། དང་པོ། བོད་ཀྱི་ཆོས་དང་། རིག་གཞུང་གི་གལ་གནད་ཐོག་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཀྱི་གནས་བབ་ལ་ངོས་འཛིན་དགོས་པ་དང་། ཨ་རི་དང་བོད་དབར་ལོ་རྒྱུས་ཐོག་མཛའ་འབྲེལ་གཏིང་ཟབ་ཡོད་པ་དེ་དག་ངོས་འཛིན་ཐུབ་དགོས་པ། གཉིས་པ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་དུ་ཞི་བདེ་དང་འཚེ་མེད་ཞི་བ་གོང་སྤེལ་གཏོང་རྒྱུའི་མཛད་བཟང་ལ་ཆེ་བསྟོད་ཞུ་རྒྱུ། གསུམ་པ། རྒྱལ་སྤྱིའི་ནང་གི་དཀའ་རྙོག་ཞི་བའི་ངང་སེལ་ཐབས་སུ་༧གོང་ས་མཆོག་དང་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ལྷན་དུ་བཞུགས་མོལ་ཚོགས་འདུ་ཞིག་བསྐོང་འཚོགས་དགོས་པ་གལ་ཆེན་ཡིན་སྐོར། བཅས་ཡིན་འདུག

གྲོས་ཚོགས་འཐུས་མི་ཡོ་ཧོ་ལགས་ཀྱིས་གྲོས་ཆོད་དང་འབྲེལ་གསུང་དོན། རྒྱ་ནག་དམར་ཤོག་གཞུང་གིས་བོད་པའི་ཆོས་དང་རིག་གཞུང་ནི་ཁོང་ཚོའི་སྟངས་འཛིན་བྱེད་རྒྱུར་ཉེན་ཁ་ཞིག་ཏུ་མཐོང་བཞིན་ཡོད་པ་དང་། བོད་ལ་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་དུ་རང་སྲིད་རང་སྐྱོང་གི་གནས་བབ་སྤྲད་ཡོད་ཀྱང་། རྒྱ་ནག་དམར་ཤོག་ཚོགས་པས་ཁ་ཆེ་དང་ཡི་ཤུ་ཆོས་ལུགས་ལ་དམ་བསྒྲགས་དང་བརྩི་མེད་རྡོག་རོལ་བཏང་བ་བཞིན། བོད་པའི་ནང་པ་སངས་རྒྱས་ཀྱི་ཆོས་ལ་བརྩི་མེད་རྡོག་རོལ་དང་དྲག་གནོན་ཇེ་ཆེར་གཏོང་བཞིན་སྐོར་གསུངས་པ་མ་ཟད། དེ་ལྟ་བུའི་དཀའ་ངལ་འཕྲད་ཀྱི་ཡོད་ཀྱང་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ངལ་དེ་དག་ལ་མ་འཛེམས་པར་རྒྱལ་སྤྱིའི་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་སྤེལ་དང་། བོད་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་མཁན་གྱི་དབུ་ཁྲིད་དུ་བཞེངས་ཡོད་སྐོར་སོགས་གསུངས་འདུག

གཞན་ཡང་། ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨེ་ལོཊི-ཨེན་ཇེལ་ (Rep. Eliot Engel) མཆོག་གིས་བརྗོད་དོན། བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་དེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་ཞི་བདེ་དང་། འཚེ་བ་མེད་པའི་ལྟ་གྲུབ། འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ལས་འགུལ་སྤེལ་བཞིན་པར་རྒྱབ་སྐྱོར་ཞུ་ཡི་ཡོད་པ་མཚོན་གྱི་ཡོད། ཅེས་གསུངས་འདུག

ད་དུང་། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སི་ཁོ་ཊི-པེ་རེ (Scott Perry) མཆོག་གིས་གསུང་དོན། རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་མི་ས་ཡ་མང་པོའི་རེ་བ་སྟོང་ཟད་དུ་གཏོང་བཞིན་པ་དེ་ལམ་ལྷོང་ཡོང་གི་མ་རེད། རྒྱུ་མཚན་ནི་ཨ་རི་བོད་མི་ཚོ་དང་མཉམ་དུ་ཡོད། ང་ཚོའི་གྲོགས་པོ་བོད་མི་རྣམས་ཀྱིས་སྔ་མོ་ནས་རང་སྲིད་རང་སྐྱོང་གི་གལ་གནད་སྐོར་ངོས་འཛིན་གནང་ཡོད་པ་དང་། དེ་རིང་ང་བོད་མི་ཚོ་དང་ལྷན་དུ་མཉམ་ཞུགས་བྱས་པར་སྤོབས་པ་སྐྱེས་ཀྱི་ཡོད། ཅེས་གསུངས་འདུག

དེ་བཞིན། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི-པི་ལོ་སི་ (Nancy Pelosi) མཆོག་གིས་སྒེར་གྱི་འཕྲུལ་སྒྲ(Twitter) ཐོག དེ་རིང་གྲོས་ཚོགས་འོག་མས་བོད་དོན་རྒྱལ་སྐྱོར་གྱི་གྲོས་ཆོད་བཞག་ནས་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་མཚམས་འཇོག་དགོས་པའི་བརྡ་ལེན་གསལ་བོ་སྤྲད་ཡོད། ཨ་རིའི་གྲོས་ཚོགས་ནས་བོད་པའི་ཆོས་དད་རང་དབང་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུར་མུ་མཐུད་ནས་རྒྱབ་སྐྱོར་གནང་རྒྱུ་ཡིན། ཞེས་བཀོད་འདུག

གྲོས་ཚོགས་འོག་མའི་ནང་དུ་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་བར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཐུགས་རྗེ་ཆེ་ཞུས་འདུག དེ་ཡང་། ཁོང་གིས་གསུང་དོན། ཨ་རིའི་གྲོས་ཚོགས་འཐུས་མི་དང་དུས་ཡུན་རིང་པོ་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཊི-ཡོ་ཧོ་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་ངེད་གཉིས་ཨ་རིའི་གྲོས་ཚོགས་འོག་མའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊི-ཡོ་ཧོ་མཆོག་དང་ཐེངས་དང་པོ་མཇལ་འཕྲད་བྱུང་སྐབས། ཁོང་གིས་༧གོང་ས་མཆོག་ཨ་རིའི་གྲོས་ཚོགས་སུ་བཀའ་སློབ་བསྩལ་གནང་ཡོང་བར་གདན་འདྲེན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་མ་ཟད། བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་འདོན་གནང་རྒྱུ་ཡིན་པའི་སྐོར་གསུངས་སོང་། གོ་སྐབས་འདི་བརྒྱུད་ནས་ངས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊི-ཡོ་ཧོ་མཆོག་གིས་དབུས་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མར-ཁེལ་(Michael T. McCaul) མཆོག་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་-མར་ཁི་གྷོ་ཝན་ (Jim McGovern) མཆོག ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཁིར་སི-སེ་མི་ཐི་ (Chris Smith) མཆོག་བཅས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

དེ་བཞིན། ཟླ་འདིའི་ཚེས་༢༠ཉིན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊི-ཡོ་ཧོ་ (Ted Yoho) མཆོག་གིས་གྲོས་ཚོགས་འོག་མའི་ནང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་དང་། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ནང་ཞི་བདེ་དང་། འཆམ་མཐུན་ཡོང་ཐབས་སོགས་ཀྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ་ཁག་ལ་རྒྱབ་སྐྱོར་ངོས་འཛིན་གནང་དགོས་པ་གལ་ཆེ་ཡིན་པའི་གྲོས་ཆོད་ཅིག་བཏོན་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།