27
Sat, Apr

ཤར་ཨེ་ཤེ་ཡའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་འཚོགས་པ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༡༡་ཚེས་༡༦ཉིན་སྤེལ། ཤར་ཨེ་ཤེ་ཡའི་ཚོགས་ཆེན་ཐེངས་༡༣་(13th East Asia Summits) པ་དེ་རྒྱལ་ཁབ་སི་གྷ་པོ་རུ་ཚོགས་པ་ཡོད་པ་དང་། ཚོགས་བཅར་བ་ནི་རྒྱལ་ཁབ་༡༨་ནས་ཕེབས་པའི་སྲིད་འཛིན་དང་སྲིད་ཚབ་བཅས་ཡིན་འདུག ཚོགས་འདུ་དེ་ནི་གཙོ་བོ་དཔའ་འབྱོར་ཡར་རྒྱས་གཏོང་ཐབས་དང་། ཡུན་གནས་ཐུབ་པའི་ཡར་རྒྱས། འཇིགས་སྐུལ་རིགས་ལུགས་པར་རྒོལ་ལན། དྲ་ལམ་བདེ་འཇགས་སོགས་ཀྱི་ཐོག་བགྲོ་གླེང་གནང་ནས་ཨེ་ཤེ་ཡའི་རྒྱལ་ཁབ་དེ་དག་ནང་བདེ་འཇགས་དང་ཞི་བདེ། འབྲེལ་ལམ་བཟང་པོ། ཡར་རྒྱས་གོང་སྤེལ་ཡོང་བའི་ཆེད་དུ་དམིགས་པའི་ལོ་འཁོར་ཚོགས་འདུ་ཞིག་ཡིན་འདུག

དེ་ཡང་ཤར་ཨེ་ཤེ་ཡའི་ཚོགས་ཆེན་འདིར་རྒྱལ་ཁབ་༡༨་ཡི་སྲིད་འཛིན་དང་སྲིད་བློན། དེ་བཞིན་སྲིད་ཚབ་བཅས་ཕེབས་ཡོད་པ་དང། རྒྱལ་ཁབ་ཨོ་སུ་ཁྲི་ལེ་ཡ། རྒྱ་གར། རྒྱ་ནག ཨེ་དོ་ཎེ་ཤེ་ཡ། བྷར་མ། ཉི་ཧོང་། ཀོམ་བྷོ་སྒྲེ། ལྷོ་ཀོ་རེ་ཡ། ཨུ་རུ་སུ། སི་གྷ་པོ། ལོབ། ཐེ་ལན། ཨ་རི། ཝེ་ཏུ་ནམ། བཅས་ཡིན་འདུག ཤར་ཨེ་ཤེ་ཡའི་ཚོགས་ཆེན་འདི་ནི་ལྷོ་ཤར་ཨེ་ཤེ་ཡ་རྒྱལ་ཁབ་མཐུན་ཚོགས(Asean)་ཞེས་པའི་མཐུན་ཚོགས་ཀྱིས་ལོ་རེ་དང་ལོ་ཕྱེད་ཚོགས་ཁག་གི་ནང་ནས་གཅིག་ཡིན་པ་དང་།་ཚོགས་ཆེན་འདིའི་ནང་རྒྱལ་ཁབ་དེ་དག་ནང་དཔལ་འབྱོར་ཡར་རྒྱས་དང་ས་ཁུལ་དེ་དག་ནང་དུ་བདེ་འཇགས་ཡོང་ཐབས། རྒྱལ་ཁབ་ཕན་ཚུན་འཆམ་མཐུན་ཡོང་ཐབས་བཅས་ཀྱི་སྐོར་གླེང་གི་ཡོད་པ་རེད།

ཚོགས་ཆེན་དེའི་ཐོག་ཏུ་རྒྱ་གར་སྲིད་བློན་མོ་ཏེ་མཆོག་གིས། འཕྲུལ་ཆས་དུས་རབས་འདི་འཕོ་འགྱུར་ཆེན་པོ་འགྲོ་བཞིན་ཡོད་པ་དེ་བཞིན་དུ། ཁོང་གིས་རྒྱ་གར་ནང་འཕྲུལ་ཆས་བཀོད་སྤྱོད་ཇི་ལྟར་བྱེད་ཀྱི་ཡོད་མེད་དཔེ་བཞག་ནས། ང་ཚོས་འཕྲུལ་ཆས་བེད་སྤྱོད་ལེགས་པོ་བཏང་ནས་སྤྱི་ཚོགས་དང་རྒྱལ་ཁབ་ཡར་རྒྱས་གཏོང་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་འདུག

དེ་བཞིན་སི་གྷ་པོ་སྲིད་བློན་ལི་སན་ལོན་གྱིས། ང་ཚོས་ལྷོ་ཤར་ཨེ་ཤེ་ཡ་རྒྱལ་ཁབ་ཕུན་ཚུན་བར་མཐུན་སྒྲིལ་དང་བདེ་འཇགས་ཐོག་ལ་ཡར་རྒྱས་གཏོང་དགོས་པ། མཉམ་རུབ་བྱས་ནས་དཔལ་འབྱོར་ཡར་རྒྱས་གཏོང་བ་དང་། རྒྱལ་ཁབ་ཁ་ཤས་བར་དཀའ་ངལ་ཡོང་རུང་བཟང་བའི་ཕྱོགས་ནས་ཡར་རྒྱས་གཏོང་དགོས་པ་སོགས་དང་། གཞན་ཡང་ཁོང་གིས་དེང་སང་དཀའ་ངལ་འཕྲད་བཞིན་པའི་ཀོ་རི་ཡའི་རྒྱ་མཚོ་(the Korean peninsula), རྒྱ་ནག་ལྷོ་རྒྱ་མཚོ་(South China Sea) ། བྷར་མའི་རོ་ཧན་ནེ་མངའ་སྡེ་(Myanmar's Rakhine state) ནང་བྱུང་བའི་དོན་རྐྱེན་ཐོག་ལ་གཏམ་བཤད་གནང་ཡོད་པ་དང་། གནད་དོན་དེ་ཚོ་མགྱོགས་པོར་སེལ་ཐུབ་པའི་རེ་བ་བསྟན་འདུག

དེ་རྗེས་ཨ་རིའི་སྲིད་བློན་ཟུར་པ་པན་སི་ཡིས། རྒྱ་ནག་གིས་ལྷོ་ཤར་རྒྱལ་ཁབ་ཁག་ནང་ཤུགས་རྐྱེན་སྤྲོད་བཞིན་པར་དོ་གཟབ་དང་། རྒྱ་གར་རྒྱ་མཚོ་དང་འབྲེལ་བའི་ཞི་བདེ་རྒྱ་མཚོ(Indo-Pacific )ནང་དུ་བཙན་རྒྱལ་དང་དྲག་ཤུགས་བྱེད་པའི་གནས་མེད་ཅེས་རྒྱ་ནག་ལ་ཉེན་བརྡ་བཏང་འདུག

རྒྱ་ནག་སྲིད་བློན་ལེ་ཁི་ཆམ་གྱིས། ཤར་ཨེ་ཤེ་ཡའི་ཚོགས་ཆེན་འདིའི་ཐོག་དུ་ལོ་གསུམ་ནང་ཁུལ་དུ་རྒྱ་ནག་ལྷོ་རྒྱ་མཚོ་དང་འབྲེལ་བའི་དཀའ་རྙོག་སེལ་ཐུབ་པའི་དམིགས་ཡུལ་བཟུང་ཡོད་སྐོར་བཤད་འདུག

རྒྱལ་ཁབ་མང་པོ་ཞིག་གིས་འཛམ་གླིང་གི་བདེ་འཇགས་ལ་སེམས་ཁུར་དང་ཡར་རྒྱས་གཏོང་དགོས་པའི་སྐོར་དང་། དཔལ་འབྱོར་ཡར་རྒྱས། རྒྱལ་ཁབ་ཕུན་ཚུན་བར་མཐུན་ལམ་གོང་མཐོར་གཏོང་དགོས་སྐོར་སོགས་བཤད་འདུག

ཐེངས་འདིའི་ཤར་ཨེ་ཤེ་ཡའི་ཚོགས་ཆེན་ཐོག་ཏུ་ལྷོ་ཤར་ཨེ་ཤེ་ཡ་རྒྱལ་ཁབ་མཐུན་ཚོགས(Asean)་ཀྱི་ཚོགས་གཙོ་སི་གྷ་པོ་སྲིད་བློན་ལི་སན་ལོན་གྱིས། ཚགས་གཙོའི་དུས་ཡུན་རྫོགས་ནས་ཚོགས་གཙོ་གསར་པ་ཐེ་ལན་ཀྱི་སྲིད་འཛིན་པར་ཡུ་ཆན་ཨོ་ཆ་ལ་འགན་རྩིས་སྤྲད་ཡོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།