13
Thu, Jun

ཕྱི་ལོ་༢༠༢༤ ཟླ་༤ ཚེས་༣ ཉིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྟོད་པ་སྐྱིད་སྡུག་དང་། སྤུ་ཧྲེང་མི་མང་ནས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༤ ཟླ་༤ ཚེས་༣ ཉིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྟོད་པ་སྐྱིད་སྡུག་དང་། སྤུ་ཧྲེང་མི་མང་ནས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར། ༸གོང་ས་མཆོག་གིས་བཀའ་བསྩལ་དོན། བརྟན་བཞུགས་སེམས་པ་རྣམ་དག་དང་སྦྱོར་དངོས་རྗེས་ཚང་ཡག་པོ་ཞེ་དྲག་བྱུང་སོང་། ངོས་རང་ལ་ཆ་བཞག་ན་ལོ་བརྒྱ་ཕྲག་ལྷག་སྡོད་རྒྱུའི་སྨོན་ལམ་རྒྱག་བཞིན་ཡོད། སེམས་ཤུགས་སྐྱེད་བཞིན་ཡོད། ད་དུང་དགུང་ལོ་བཅོ་ལྔ་ཉི་ཤུ་ཞིག་བཞུགས་ཀྱི་རེད་ཞེས་བཀའ་བསྩལ་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོར། བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྟོད་པ་སྐྱིད་སྡུག་དང་། སྤུ་ཧྲེང་མི་མང་ནས་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་ལས་བྱེད། དེ་བཞིན་རྡ་ས་ཁུལ་གྱི་སེར་སྐྱ་མི་མང་བརྒྱ་ཕྲག་འགའ་མཉམ་ཞུགས་གནང་འདུག

བརྟན་བཞུགས་སྦྱོར་དངོས་རྗེས་གསུམ་ཚར་རྗེས། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བསྩལ་དོན། བརྟན་བཞུགས་སེམས་པ་རྣམ་དག་དང་སྦྱོར་དངོས་རྗེས་ཚང་ཡག་པོ་ཞེ་དྲག་བྱུང་སོང་། ངོས་རང་ལ་ཆ་བཞག་ན་ལོ་བརྒྱ་ཕྲག་ལྷག་སྡོད་རྒྱུའི་སྨོན་ལམ་རྒྱག་བཞིན་ཡོད། སེམས་ཤུགས་སྐྱེད་བཞིན་ཡོད། ཉེ་ཆར་རང་སྨན་པས་ངོས་ཀྱི་གཟུགས་པོར་བརྟག་དཔྱད་བྱས་པ་རེད། གཟུགས་པོ་ཡག་པོ་ཞེ་དྲག་འདུག་ཟེར་གྱི་འདུག ད་དུང་ལོ་བཅོ་ལྔ་ཉི་ཤུ་ཞིག་སྡོད་ཀྱི་རེད། འཛམ་གླིང་ཐོག་ངོས་ཀྱིས་སྤྱི་ཡ་རབས་སྤྱོད་བཟང་དང་ཁྱད་པར་དུ་སངས་རྒྱས་ཀྱི་ཆོས་དང་འབྲེལ་ནས་སེམས་ཁམས་རིག་པ་དང་འབྲེལ་བའི་ཐོག་ནས་འཛམ་གླིང་ཞི་བདེ་ཡོང་བར་ཞབས་འདེགས་གང་ཙམ་སྒྲུབ་ཐུབ་པ་ཞིག་འདུག ཅེས་དང་།

༸གོང་ས་མཆོག་གིས་མུ་མཐུད་ནས་གསུང་དོན། འཛམ་གླིང་འདིའི་སྒང་སངས་རྒྱས་ཀྱི་བསྟན་པ་ཏོག་ཙམ་མར་ཉམས་རྒུད་འགྲོ་བཞིན་པའི་དུས་ཚོད་ལ་ངོས་ཀྱིས་བསྟན་པའི་ཞབས་འདེགས་ཕྲ་བུ་སྒྲུབ་པའི་ཕྱི་ནང་གི་རྐྱེན་མང་པོ་ཞིག་འདུག དེའི་སྔོན་ནང་པའི་ཆོས་ལ་དོ་སྣང་མེད་སར་ནང་ཆོས་ལ་དོ་སྣང་གསར་པ་སླེབས་བཞིན་འདུག ལྷག་པར་དུ། ཆོས་ཁས་མི་ལེན་གྱི་ཚན་རིག་པ་མང་པོ་ཞིག་ནི་ངོས་ཀྱི་གྲོགས་པོ་རེད། ཁོ་ཚོས་ངོས་ལ་དགའ་པོ་ཞེ་དྲག་བྱེད་ཀྱི་འདུག དེར་བརྟེན། ཆོས་ཁས་ལེན་མཁན་དང་ཆོས་ཁས་མི་ལེན་མཁན་ཚང་མས་སེམས་ཀྱི་ཞི་བདེ་བརྒྱུད་ནས་འཛམ་གླིང་ཞི་བདེ་ཡོང་བར་དམིགས་བསལ་དོ་སྣང་ཅིག་བྱེད་བཞིན་འདུག ཅེས་བཀའ་སློབ་བསྩལ་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།