13
Thu, Jun

ཕྱི་ལོ་༢༠༢༤ ཟླ་༣ ཚེས་༡༦ ཉིན། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་མཇུག་བསྒྲིལ་ཡོད་འདུག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༤ ཟླ་༣ ཚེས་༡༦ ཉིན། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་མཇུག་བསྒྲིལ་གནང་འདུག ཉིན་བཞིའི་རིང་སྲིད་སྐྱོང་དང་བཀའ་བློན་རྣམ་པས་ནང་སྲིད་ལས་ཁུངས་དང་། དཔལ་འབྱོར་ལས་ཁུངས། ཤེས་རིག་ལས་ཁུངས། བདེ་སྲུང་ལས་ཁུངས། ཕྱི་དྲིལ་ལས་ཁུངས་དང་། འཕྲོད་བསྟེན་ལས་ཁུངས་བཅས་ཀྱི་ཕྱི་ལོ་༢༠༢༢་་་༢༠༢༣ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་སྤྱི་འཐུས་རྣམ་པའི་དྲི་བ་ཁག་ལ་ལན་འདེབས་གནང་སོང་།

དེ་ཡང་། ཕྱི་ལོ་༢༠༢༤ ཟླ་༣ ཚེས་༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་༩།༣༠ ཐོག་། དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་བོད་མི་མང་སྤྱི་འཐུས་སྐབས་༡༧ པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་དོན་ལྷག་མ་རྣམས་མཇུག་སྐྱོང་གནང་སོང་། གྲོས་ཚོགས་ཀྱི་ཚོགས་ཁང་དུ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དཔལ་ལྡན་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག དེ་བཞིན་བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ལས་རིམ་དང་འབྲེལ་བའི་གསུང་བཤད་གནང་སོང་།

ཚོགས་གཙོ་མཆོག་གིས་ཕྱི་ལོ་༢༠༢༣ ཟླ་༩ ཚེས་༡༩ ནས་ ༢༨ བར་དུ་ལས་བསྡོམས་གྲོས་ཚོགས་ཚོགས་དུས་དྲུག་པ་དེ་གཏན་འབེབས་གནང་ཡོད་ཀྱང་། སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ལ་རྒྱ་གཞུང་གི་གསང་མྱུལ་བ་ཡིན་སྐོར་གྱི་གླེང་སློང་བྱུང་བར་བརྟེན་ནས། གྲོས་ཚོགས་མུ་མཐུད་ནས་འཚོགས་ཐུབ་མེད། དེའི་རྗེས་བདེ་སྲུང་ལས་ཁུངས་ཀྱིས་གནས་ཚུལ་དེའི་སྐོར་ཞིབ་འཇུག་གནང་མཐར། སྤྱི་འཐུས་ཁོང་གསང་མྱུལ་བ་ཡིན་པའི་ཁུངས་སྐྱེལ་དཔང་རྟགས་གང་ཡང་བརྙེད་མེད་པར་བརྟེན། བཀུར་འོས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ལ་སྙོན་འཛུགས་ཀྱི་གནས་བབ་དེ་གཞི་རྩ་མེད་པ་གཙང་མ་ཆགས་ཟིན་པ་རེད། ཅེས་གསུངས་སོང་།

བདེ་སྲུང་ལས་ཁུངས་ཀྱི་བཀའ་ཡིག་སྒྲོག་སྦྱང་གནང་དོན། སྤྱི་འཐུས་སྨོན་ལམ་མཐར་ཕྱིན་དང་རྒྱ་ནག་གཞུང་ཚབ་ལས་བྱེད་ཁྲེན་ཧྲུའུ་མི་གཉིས་སི་ལི་གུ་རིར་ཐུག་འཕྲད་བྱུང་ཡོད་མེད་སྐོར་གྲོས་ཚོགས་ནང་གླེང་གློང་གིས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་འདི་ལས་ནས་ཁ་གསལ་བཟོ་དགོས་པའི་ལམ་སྟོན་ཕེབས་པ་དགོངས་མངའ་ལྟར། འདི་ལས་ནས་གནས་ཚུལ་ཡོང་ཁུངས་དང་། འབྲེལ་ཡོད་ཁག་བརྒྱུད་བརྩད་ཞིབ་མཐིལ་ཕྱིན་ཞུས་འབྲས་ཀྱི་གནད་དོན་སྙན་གསན་ཞུ་རྒྱུ་ཁག་གཤམ་གསལ་ལྟར། ༡། རྒྱ་ནག་གཞུང་ཚབ་ལས་བྱེད་དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༦ གི་ཉིན་དགུང་སི་ལི་གུ་རིར་ Mayfair Tea Resort ཞེས་པའི་མགྲོན་ཁང་དེར་འབྱོར་ནས་ཞགས་སྡོད་བྱས་ཡོད་འདུག ༢། གོང་ཚེས་ཀྱི་དུས་ཚོད་དེ་རང་ལ་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་དང་། རོགས་པ་གཅིག་བཅས་མགྲོན་ཁང་དེ་རང་ལ་ཕེབས་ཡོད་པ་རེད་འདུག ༣། མགྲོན་ཁང་དེའི་ནང་དོ་བདག་གཉིས་ཐུག་འཕྲད་བྱས་ཡོད་པའི་དངོས་དཔང་ར་འཕྲོད་ཐུབ་པ་མི་འདུག་པ་བཅས་དེ་དོན་སྙན་གསན་མཛད་ཕྱོགས་ཡོང་བ་མཁྱེན་ཞུ། བདེ་སྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༦ ལ། ཕུལ། ཞེས་བཀོད་འདུག

དེའི་རྗེས། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་བོད་མི་མང་སྤྱི་འཐུས་ཟུར་པ་གྲའུ་དཔོན་རིན་ཆེན་ཚེ་རིང་མཆོག་གི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བཏོན་གནང་པ་དང་། དེ་རྗེས་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་གྲ་ཕྱི་ཕུན་རབ་བློ་བཟང་དར་རྒྱས་མཆོག་གི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བཏོན་གནང་བ་དང། དེ་བཞིན་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ཌཡེ་ནེ་ཕ་ཧེནསི་ཊིན་ (Dianne Feinstein) མཆོག་གི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བཏོན་གནང་གྲུབ་མཚམས། ཚང་མ་སྐུ་བཞེངས་ཐོག་མཉམ་དུ་ངག་བཅད་མྱ་ངན་སྐར་མ་གཅིག་རིང་ཞུས་གནང་སོང་།

ལས་རིམ་ལྟར་དཔལ་ལྡན་སྲིད་སྐྱོང་དང་། ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༢་་་༢༣ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༢་་་༢༣ ལོའི་ལོ་འཁོར་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་བློ་བཟང་ཐུབ་བསྟན་མཆོག་གིས་སྙན་སྒྲོན་གནང་རྗེས། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་རྒྱབ་སྐྱོར་གནང་བ་དང་སྦྲགས། ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་འགོ་ཚུགས་སོང་།

སྐབས་དེར་སྤྱི་འཐུས་རྣམ་པས་བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་དང་། བཙན་བྱོལ་བོད་མིའི་ཁྱིམ་ཐོ་ཞིབ་གཤེར་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམ་པའི་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཀྱི་གནས་སྟངས་དང། ཉམ་ཐག་ཞིབ་འཇུག་གི་ལས་དོན་དང་། རྒས་ཁོག་ལྟ་སྐྱོང་ཟབ་སྦྱོང་དང་། བོད་ནས་རྗེས་འབྱོར་བ་རྣམས་ལ་སྡོད་ཁང་གསར་རྒྱག་ལས་གཞི་སོགས་དང་འབྲེལ་བའི་ཐོག་དགོངས་ཚུལ་དང་། དོགས་འདྲི་གནང་བ་ཁག་ལ་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

ཕྱི་ཚེས་༡༥ ཉིན། ནང་སྲིད་ལས་ཁུངས་ཀྱི་སྤྱི་ཡོངས་ལས་བསྡོམས་ཐོག་མུ་མཐུད་བགྲོ་གླེང་གནང་སོང་། སྐབས་དེར་སྤྱི་འཐུས་རྣམ་པས་གཙོ་བོ་རྒས་གསོ་ཁང་གི་གནས་སྟངས་དང་། སེམས་ཁམས་འཕྲོད་བསྟེན་དང་། ལས་བྱེད་གནས་སྤོས་གནང་ཕྱོགས་སོགས་ཀྱི་ཐོག་དོགས་འདྲི་ཕུལ་བ་ཁག་ལ་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། ནང་སྲིད་ལས་ཁུངས་ཀྱི་སྤྱི་ཡོངས་ལས་བསྡོམས་ཐོག་བགྲོ་གླེང་མཇུག་བསྒྲིལ་སོང་།

དེ་ནས། དཔལ་ལྡན་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༢་་་༢༣ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༢་་་༢༣ ལོའི་ལོ་འཁོར་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་གིས་སྙན་སྒྲོན་གནང་རྗེས། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་གིས་རྒྱབ་སྐྱོར་གནང་རྗེས། དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་འགོ་ཚུགས་ཤིང་། སྐབས་དེར་གཙོ་བོ་སྤྱི་འཐུས་རྣམ་པས་དྭང་བླངས་དཔྱ་དངུལ་ལག་དེབ་གསར་བཟོ་དང་། སུད་ཚོང་བུན་གཡར་ལས་གཞི་དང་། ལག་དེབ་སྔོན་པོ་དང་། བུད་མེད་ནུས་སྟོབས་ཚན་པ་དང་། ལས་བྱེད་གསོལ་ཚིགས་ཁང་སྐོར་སོགས་ཀྱི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བར། དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་བ་དང་། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཡོངས་ལས་བསྡོམས་ཐོག་བགྲོ་གླེང་མཇུག་བསྒྲིལ་སོང་།

དེའི་རྗེས། ལས་རིམ་ལྟར་དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་༢༠༢༢་་་༢༣ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་སོང་། ཕྱི་ཚེས་༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག དཔལ་ལྡན་ཚོགས་གཙོ་གཞོན་པ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་དྲུག་པ་བསྐྱངས་གནང་སོང་། ལས་རིམ་ནང་དང་པོ་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཟུར་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་མཆོག་གི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བཏོན་གནང་གྲུབ་མཚམས། ཚང་མ་སྐུ་བཞེངས་ཐོག་མཉམ་དུ་ངག་བཅད་མྱ་ངན་སྐར་མ་གཅིག་རིང་ཞུས་གནང་སོང་།

དེའི་རྗེས། དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་༢༠༢༢་་་༢༣ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་ལྷག་མ་རྣམས་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཀྱིས་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་དང་། དེ་བཞིན་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་བློ་བཟང་ཐུབ་བསྟན་མཆོག་གིས་རྒྱབ་སྐྱོར་གནང་སོང་།

དེ་མཚུངས་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་སྐབས་གཙོ་བོ་སྤྱི་འཐུས་རྣམ་པས་དགེ་རྒན་རྩེ་ཕུད་ལ་གཟེངས་རྟགས་དགོས་ཚུལ་དང་། དགེ་རྒན་རྣམ་པའི་ལས་ཤག་གི་གནས་སྟངས་དང་། དགེ་རྒན་གནས་སྤོས་གནང་ཕྱོགས་དང་། སློབ་ཕྲུག་ཁག་ལ་རང་ལོའི་བབ་དང་བསྟུན་དཔེ་དེབ་བགོ་འགྲེམས་གནང་བར་བསྔགས་བརྗོད་དང་། དགེ་རྒན་ཟབ་སྦྱོང་སྐོར་སོགས་ཀྱི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བར། ཤེས་རིག་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་བ་དང་། ཤེས་རིག་ལས་ཁུངས་ཀྱི་སྤྱི་ཡོངས་ལས་བསྡོམས་ཐོག་བགྲོ་གླེང་མཇུག་བསྒྲིལ་སོང་།

དེ་རྗེས། དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་༢༠༢༢་་་༢༣ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་བློ་བཟང་ཐུབ་བསྟན་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཀྱིས་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་དང་། སྤྱི་འཐུས་དགེ་བཤེས་རྔ་བགངས་རི་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་གིས་རྒྱབ་སྐྱོར་གནང་།

བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་ཞིང་། སྐབས་དེར་གཙོ་བོ་སྤྱི་འཐུས་རྣམ་པས་༧རྒྱལ་བའི་སྐུ་ཕྱྭ་དང་། ཨོ་སི་ཀྲོ་ལི་ཡར་བོད་མི་གཞིས་སྤོས་ལས་གཞི་དང་། སྐྱབས་བཅོལ་ལག་དེབ་ (RC) དང་། བོད་མི་ཕྱི་བསྐྱོད་ལག་འཁྱེར་ (IC) དང་། ཕྱིར་ཐོན་ཆོག་མཆན་ (Exit Permit) དང། ཕྱི་རྒྱལ་ནས་ཕྱིར་ལོག་ཐོངས་མཆན་ (Return Visa) སོགས་ཀྱི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བར། དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་བགྲོ་གླེང་མཇུག་བསྒྲིལ་གནང་སོང་།

ཕྱི་ཚེས་༡༦ ཉིན། སྔ་དྲོ་ཆུ་ཚོད་༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་སྐར་རྟགས་ཅན་གྱི་དྲི་བ་གནང་བར། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་དང་། དེ་རྗེས་སྤྱི་འཐུས་རྣམ་པས་འཕྲོས་དོན་དྲི་བ་བཅས་གནང་བར་སྲིད་སྐྱོང་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

དེའི་རྗེས། དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་༢༠༢༢་་་༢༠༢༣ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་རྗེས། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཀྱིས་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་གིས་རྒྱབ་སྐྱོར་གནང་སོང་།

དེ་ནས་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ཀྱིས་བགྲོ་གླེང་གནང་སྐབས། གཙོ་བོ་སྤྱི་འཐུས་རྣམ་པས་གཞུང་འབྲེལ་དྲྭ་ཚིགས་ཁག་དང་། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཟབ་སྦྱོང་། བོད་དོན་དྲིལ་བསྒྲགས། སྐུ་ཚབ་དོན་གཅོད་ཁང་ཁག་གི་ལས་དོན། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག། བོད་ཀྱི་འགྲེམས་སྟོན་ཁང་། དྭང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚན་པའི་ལས་དོན་སོགས་ཀྱི་ཐོག་དགོངས་ཚུལ་དང་། དོགས་འདྲི་གནང་བར། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་བགྲོ་གླེང་མཇུག་བསྒྲིལ་སོང་།

དེའི་རྗེས། དཔལ་ལྡན་སྲིད་སྐྱོང་དང་། འཕྲོད་བསྟེན་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་༢༠༢༢་་་༢༣ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཀྱིས་འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་གིས་རྒྱབ་སྐྱོར་གནང་རྗེས། འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་། སྐབས་དེར་གཙོ་བོ་སྤྱི་འཐུས་རྣམ་པས་བོད་ཀྱི་སྨན་རྩིས་ཁང་གི་མིང་བསྒྱུར་བ་བཏང་བའི་སྐོར་སོགས་ཀྱི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བར། དཔལ་ལྡན་སྲིད་སྐྱོང་དང་། འཕྲོད་བསྟེན་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་བགྲོ་གླེང་མཇུག་བསྒྲིལ་སོང་།

མཐར། ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ནས་ཚོགས་དུས་དྲུག་པའི་དགོངས་ཤོག་ཁག་སྙན་སྒྲོན་དང་། དེ་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་བསྡོམས་གསུང་བཤད་གནང་རྗེས། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་གྲོལ་བའི་གསལ་བསྒྲགས་གནང་སྟེ། གྲོས་ཚོགས་ཚོགས་དུས་དྲུག་པ་མཇུག་བསྒྲིལ་གནང་སོང་།།

བོད་ཀྱི་ལོ་རྒྱུས་ཡིག་ཆ།