27
Sat, Apr

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ཟླ་༥ ཚེས་༣༠ ཉིན། བཞུགས་སྒར་རྡ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བ་ཚོར་སེམས་བསྐྱེད་ཀྱི་ཆོས་འབྲེལ་གནང་སྐབས། འཛམ་གླིང་འདིའི་ཐོག་བདེ་སྐྱིད་ཡོང་བའི་རྩ་བ་ནི་སེམས་བཟང་པོ་རེད། སེམས་བཟང་པོ་ཡོད་ན་རང་ཉིད་སྐྱིད་པ་མ་ཟད། ཐ་ན་དགོང་མོའི་གཉིད་ཀྱང་སྐྱིད་པོ་ཡོང་གི་རེད། ཅེས་སོགས་གསུངས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་ ༧།༣༠ ཙམ་ལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕོ་བྲང་གཟིམ་ཆུང་ནས་རྒྱལ་སྒོ་རུ་ཆིབས་བསྒྱུར་སྐབས་རྡ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས་སྤོས་སྣེས་མདུན་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་ཞུ་མཛད་པ་དང་། ཆིབས་བསྒྱུར་སྐབས་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་གཙོས་པའི་སེར་སྐྱ་མི་མང་དང་ཕྱི་རྒྱལ་བ་སྟོང་ཕྲག་འགའ་ཡིས་གདོང་ལ་འཛུམ་དང་བཅས་དགའ་གུས་དད་གསུམ་གྱིས་དགའ་བསུ་ཞུས་སོང་།

བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་༸གོང་ས་མཆོག་གིས་གསུང་དོན། དེ་རིང་བོད་རིགས་གཞོན་སྐྱེས་གཙོས་པའི་མི་མང་རྣམས་ལ་སེམས་བསྐྱེད་བྱུང་ན་ཟེར་ནས་རེ་འདུན་བཏོན་པ་རེད། སེམས་བསྐྱེད་ནི་སེམས་བཟང་པོ་དང་སྤྱི་སེམས་འཁུར་བ་དེ་རེད། ངོས་རང་ལ་ཆ་བཞག་ན་ཞོགས་པ་སྔ་མོ་ཡར་ལངས་ནས་སེམས་བསྐྱེད་ལ་བསམ་བློ་གཏོང་གི་ཡོད། ནམ་མཁའི་མཐར་ཐུག་པའི་སེམས་ཅན་ཡོངས་རྫོགས་དང་། བྱེ་བྲག་ཏུ་ང་ཚོའི་འཛམ་གླིང་འདིའི་ཐོག་ཡོད་པའི་མིའི་འགྲོ་བ་གཙོས་པའི་སེམས་ཅན་གཞན་ཚོའི་ཆེད་སྨོན་ལམ་རྒྱག་གི་ཡོད། དེ་ཡིས་སེམས་ལ་ཞི་བདེ་ཡོང་བ་དང་སེམས་ལྷོད་ལྷོད་ཆགས་པར་ཕན་ཐོགས་ཞེ་དྲག་འདུག

སེམས་བཟང་པོ་བྱེད་རྒྱུ་དེ་ཧ་ཅང་ཕན་ཐོགས་འདུག ངོས་རང་གིས་རྟག་པར་ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བ་ཤོག །ཅེས་སྨོན་ལམ་རྒྱག་གི་ཡོད། ངོས་རང་ལ་ཆ་བཞག་ནའང་སེམས་བསྐྱེད་ཀྱིས་སེམས་ལྷོད་ལྷོད་ཆགས་པ་དང་། དགོང་མོ་གཉིད་ཡག་པོ་ཡོང་གི་འདུག ཁོང་ཁྲོ་བ་དང་སེམས་འཁྲུག་བསྡད་པ་དེ་འདྲ་ཡོང་གི་མི་འདུག བོད་གངས་ལྗོངས་ཀྱི་ལྷ་སྐལ་སྤྱན་རས་གཟིགས་སྒོམ་བཞིན་མཎི་བགྲང་གི་བགྲང་གི་གཉིད་ཉལ་གྱི་ཡོད། སེམས་ལྷོད་ལྷོད་ཆགས་ཡོང་དུས་ལུས་ཀྱི་འབྱུང་བ་རང་བཞིན་མར་ཆགས་ནས་ཕན་ཐོགས་ཞེ་དྲག་འདུག

འཛམ་གླིང་འདིའི་ཐོག་བདེ་སྐྱིད་ཡོང་བའི་རྩ་བ་ནི་སེམས་བཟང་པོ་རེད། སེམས་བཟང་པོ་ཡོད་ན་རང་ཉིད་སྐྱིད་པ་མ་ཟད། ཐ་ན་དགོང་མོའི་གཉིད་ཀྱང་སྐྱིད་པོ་ཡོང་གི་རེད། ཉིན་རེའི་འཚོ་བའི་ནང་དུ་སེམས་ལྷོད་ལྷོད་ཆགས་རྒྱུ་ཁྱད་པར་ཞེ་དྲག་ཡོད་རེད། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། བྱང་ཆུབ་སེམས་ནི་བསྐྱེད་པ་བགྱི། རང་དོན་སྒྲུབ་པར་བྱང་ཆུབ་སེམས་སྒོམས། གཞན་དོན་སྒྲུབ་པར་ཡང་བྱང་ཆུབ་སེམས་སྒོམས། འཕྲད་དུ་བདེ་བའང་བྱང་ཆུབ་སེམས་ཡིན་པ་དང་ཚེ་རབས་ནས་ཚེ་རབས་བར་བདེ་ཞིང་སྐྱིད་པ་ཡོང་བའང་བྱང་ཆུབ་སེམས་རེད། མཐའར་མངོན་པ་རྫོགས་པའི་སངས་རྒྱས་ཐུབ་པ་དེ་བྱང་ཆུབ་སེམས་ལ་བརྟེན་ནས་ཡོང་གི་ཡོད་རེད། བྱང་ཆུབ་ཀྱི་སེམས་ནི་སེམས་བཟང་པོ་མཐར་ཐུག་པ་ཞིག་རེད། སེམས་ཅན་མཐའ་དག་ལ་སྙིང་ཁོང་རུས་པའི་གཏིང་ནས་བརྩེ་བའི་སེམས་ཡག་པོ་སླེབས་བསྡད་པ་དེ་ཧ་ཅང་རྩ་ཆེན་པོ་རེད། མཐར་གཏུགས་ན། སེམས་བཟང་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁྱོད་ཚོས་རང་ཉིད་ཀྱི་གྲོགས་པོ་གྲོགས་མོ་ཚོར་༸རྒྱལ་བ་རིན་པོ་ཆེ་ཡིས་སེམས་བཟང་པོ་བྱོས་ཞེས་གསུང་གི་འདུག་ཅེས་ལན་སྤྲད་ནས་བསླབ་བྱ་རྒྱོབ།

ངོས་རང་གིས་སེམས་པ་བཟང་པོ་བྱེད་རྒྱུ་ཉམས་ལེན་གྱི་མཐིལ་ལ་བཟུང་ཡོད། དེ་དང་མཉམ་དུ་སྟོང་ཉིད་ལྟ་བར་བསམ་བློ་གཏོང་གི་ཡོད། ཁྱོད་ཚོས་བྱང་ཆུབ་སེམས་དང་གཞན་ཕན། སྟོང་ཉིད་བཅས་ལ་གང་ཐུབ་ཐུབ་ཀྱིས་བསམ་བློ་གཏོང་ཤོག སྟོང་ཉིད་དང་བྱང་སེམས་སྐོར་ཏོག་ཙམ་ཤེས་ནས་གཞན་ལ་འགྲེལ་བཤད་རྒྱག་ཐུབ་པ་ཞིག་བྱུང་ན་༸རྒྱལ་བ་རིན་པོ་ཆེའི་སློབ་མ་ཆགས་བསྡད་ཡོད་རེད། འདི་ཚོ་ཁྱོད་ཚོས་སེམས་པ་ངེས་པར་དུ་བྱོས། ཞེས་གསུངས་རྗེས། སློབ་གྲྭ་ཁག་མི་འདྲ་བའི་སློབ་མ་ཁག་ཅིག་གིས་༸མགོན་པོ་གང་ཉིད་ལ་བཀའ་འདྲི་ཞུས་ནས་བཀའ་ལན་ཕེབས་གནང་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།