24
Tue, May

ཕྱི་ལོ་༢༠༢༢་ཟླ་༣་ཚེས་༡༨་ཉིན། ༧གོང་ས་མཆོག་གིས་གཙུག་ལག་ཁང་དུ་མི་མང་ལ་སྐྱེས་རབས་ཀྱི་གསུང་ཆོས་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་གནང་ཆེད་ཕེབས་བཞིན་པ། པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢་ཟླ་༣་ཚེས་༡༨་དང་བོད་ཟླ་༡་ཚེས་༡༥་ཆོ་འཕྲུལ་དུས་ཆེན་ཉིན། ༧གོང་ས་མཆོག་གིས་གཙུག་ལག་ཁང་དུ་སྐྱེས་རབས་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་གནང་སྟེ། བྱང་ཆུབ་ཀྱི་སེམས་དང་འབྲེལ་བའི་སེམས་བཟང་པོ་བྱེད་དགོས་པ་དང་གཞོན་སྐྱེས་ཚོས་བོད་སྐད་ཡིག་ཧུར་ཐག་གིས་སྦྱོང་དགོས་སྐོར། ལུས་འདི་རྒྱ་གར་དུ་ཡོད་ཀྱང་། སེམས་ཀྱིས་བོད་གངས་ཅན་ལྗོངས་ཀྱི་བདེན་དོན་དང་། གཙོ་བོ་ཆོས་དང་རིག་གཞུང་བདག་པོ་བརྒྱབ་ནས་བསྡད་ཡོད། ཅེས་གསུངས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༨་པ་ཡས་མས་སུ། བཞུགས་སྒར་རྡ་ས་ཐེག་ཆེན་གཙུག་ལག་ཁང་དུ། ༧གོང་ས་མཆོག་གིས་སྐྱེས་རབས་ཀྱི་གསུང་ཆོས་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་གནང་སོང་། སྐབས་དེར། ༸གོང་ས་མཆོག་གིས་བྱང་ཆུབ་ཀྱི་སེམས་དང་འབྲེལ་བའི་སེམས་བཟང་པོ་བྱེད་དགོས་པ་དང་། གཞོན་སྐྱེས་ཚོས་བོད་སྐད་ཡིག་ཧུར་ཐག་གིས་སྦྱོང་དགོས་སྐོར་སོགས་གསུངས་སོང་། འདི་ནི་ནད་ཡམས་ཀྱི་དབང་གིས་ལོ་གཉིས་ཀྱི་རྗེས་ནས་དད་ལྡན་མང་ཚོགས་ལ་ཐད་ཀར་ཆོས་འབྲེལ་བཀའ་སློབ་སྩལ་གནང་མཛད་པ་ཐོག་མ་དེ་ཆགས་འདུག

༸གོང་ས་མཆོག་གིས་དང་ཐོག་གསུང་དོན། ཐོག་མའི་ཆ་གཞི་ཡིན་ན་དེ་རིང་ལྡི་ལིར་གཟུགས་པོ་བརྟག་དཔྱད་བྱེད་དུ་འགྲོ་རྒྱུ་རེད། འོན་ཀྱང་། ངོས་ཀྱི་ལུས་པོ་བདེ་པོ་ཐང་པོ་ཡིན། དེར་བརྟེན། ད་ཐེངས་ལྡི་ལིར་འགྲོ་མི་དགོས་རྒྱུ་དང་རྗེས་སུ་རྡོ་རྗེ་ལྡན་ལ་འགྲོ་སྐབས་ཞོར་ལ་ལྡི་ལིར་བརྟག་དཔྱད་བྱས་ན་བསམ་སོང་། ངོས་བདེ་ཐང་བྱས་ནས་བསྡད་ཡོད། ཁྱོད་ཚོ་ཚང་མ་བློ་བདེ་པོ་བྱོས། ཞེས་གསུངས་སོང་།

ཁོང་གིས་མུ་མཐུད་ནས་གསུང་དོན། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། ལུས་ཀྱི་སྡུག་བསྔལ་དང་སེམས་ཀྱི་དངངས་སྐྲག སྡིགས་པ་བཅས་སྟོན་པས་ཆུ་ཡིས་བཀྲུ་རྒྱུ་མེད་པ་དང་། འགྲོ་བའི་སྡུག་བསྔལ་རྣམས་བཅོམ་ལྡན་འདས་ཀྱིས་ཕྱག་གིས་སེལ་རྒྱུ་ཡོད་མ་རེད། དེ་བཞིན། བཅོམ་ལྡན་འདས་ལ་ཡོད་པའི་ཡོན་ཏན་དག་གདུལ་བྱར་སྦྱིན་རྒྱུ་ཡོད་མ་རེད། དེར་བརྟེན། བཅོམ་ལྡན་འདས་ཁོང་གི་ཉམས་མྱོང་གིས་ཐོག་ནས་ཐོབ་པའི་ཆོས་བདེན་པ་བཞི་སོགས་མི་རྣམས་ཀྱིས་དངོས་སུ་སློབ་གཉེར་དང་ཉམས་ལེན་བྱེད་དགོས་པ་གསུངས་ཡོད། ཅེས་དང་།

ངོས་རང་ཆ་བཞག་ནའང་སྟོང་ཉིད་ཉིན་རྟག་བསམ་བློ་གཏོང་གི་ཡོད། སྟོང་པ་ཉིད་ཀྱི་ལྟ་བར་གང་ཐུབ་ཐུབ་ཀྱི་བསམ་བློ་གཏོང་ཡོང་དུས། སེམས་ལ་ཆགས་སྡང་གི་བློ། ཚུལ་མིན་ཡི་ཤེས་ཀྱི་རྣམ་རྟོག དེ་དག་མི་ཡོང་བ་ཧ་ཅང་ཕན་གྱི་འདུག དེ་མཚུངས་བྱང་ཆུབ་སེམས་ཀྱི་ཐོག་བསམ་བློ་གཏོང་གི་ཡོད། སྤྱོད་འཇུག་ལས། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། ། སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། ། དེ་བས་སྐྱོ་ངལ་ཀུན་སེལ་བའི། །བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས། ། བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། ། དེ་དག་གི་ཐོག་བསམ་བློ་གཏོང་གི་ཡོད། དེར་བརྟེན། བྱང་ཆུབ་སེམས་དང་སྟོང་ཉིད་ལྟ་བ་བསམ་བློ་གཏོང་དུས། སེམས་ལ་ཕན་ཐོག་ཧ་ཅང་ཡོང་གི་འདུག ཅེས་བཀའ་སྩལ་སོང་།

ང་ཚོའི་སེམས་མ་སྐྱིད་པ་བཟོས་མཁན་དེ་ཕྱི་ལོག་ནས་བཀྲུག་གི་མེད། སེམས་ནང་གི་ཆགས་སྡང་དང་ཉོན་མོངས་གིས་འཁྲུག་གི་ཡོད། དེར་གཉེན་པོ་བརྟེན་ནས་ཆགས་སྡང་གི་བློ་ཤུགས་ཆུང་རུ་ཕྱིན་པ་ཡིན་ན། སེམས་ལ་ཞི་བདེ་རང་བཞིན་ཡོང་གི་རེད། ང་རང་ཚོར་ཆ་བཞག་པ་ཡིན་ན། འཕགས་པ་སྤྱན་རིག་གཟིགས་ཀྱི་གདུད་བྱ་རེད། སྤྱན་རིག་གཟིགས་ནི་སྙིང་རྗེའི་ལྷ་མཆོག་རེད། བོད་མི་ཚོར་རང་ཤུགས་ཀྱིས་བྱམས་བརྩེ་ཡོད་བསྡད་པ་དེ་འཕགས་པ་སྤྱན་རིག་གཟིགས་ཀྱི་ཐུགས་རྗེ་བྱིན་རླབས་རེད། ཅེས་གསུངས་སོང་།

དེ་ནས་༸གོང་ས་མཆོག་གིས་བོད་ཀྱི་ནང་ཆོས་དང་བོད་སྐད་ཡིག་གི་བྱུང་རིམ་སྐོར་མདོར་བསྡུས་ཤིག་འགྲེལ་བརྗོད་གནང་སོང་། བོད་དུ་ཡོད་པའི་སངས་རྒྱས་ཀྱི་ཆོས་དེ་གཞན་དང་མི་འདྲ་བ་ཞིག་དང་ཚན་རིག་དང་མཐུན་པ་ཆགས་ཡོད། དེར་བརྟེན། དེར་སློབ་གཉེར་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ང་ཚོར་གཅེས་ནོར་དེ་འདྲ་ཞིག་ཡོད་དུས། བོད་པ་རང་ཉིད་ནས་ལྟ་སྒོམ་སྤྱོད་གསུམ་གྱི་ཐོག་ནས་བདག་པོ་བརྒྱབ་ནས་འཛམ་གླིང་ལ་ཕན་ཐོགས་པ་བྱེད་དགོས། ཞེས་བཀའ་སྩལ་སོང་།

ངོས་ཀྱང་། ད་དུང་ལོ་བཅུ་ཕྲག་ཁ་ཤས་བསྡད་ཀྱི་རེད། ངོས་ཀྱིས་འགོ་ཁྲིད། ལམ་སྟོན་བྱེད། ཁྱོད་ཚོས་ཧུར་ཐག་བྱེད་ཤོག དམིགས་བསལ་གཞོན་སྐྱེས་ཚོས་བོད་སྐད་ཡིག་ཧུར་ཐག་གིས་སྦྱོང་དགོས་སྐོར་སོགས་གསུངས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།