27
Sat, Apr

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གསལ་བསྒྲགས་སྤེལ་སྐབས། པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༢་ཚེས་༩་ཉིན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་། བཀྲས་ལྷུན་༧པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གཉིས་ཐུན་མོང་ཐོག <མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྙུགས་སྲིང་སྟེ་བོད་ཀྱི་༧པཎ་ཆེན་རིན་པོ་ཆེ་བཙལ་བ་>ཞེས་པའི་དཔེ་དེབ་འགྲེམས་སྤེལ་གནང་ནས། ༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་བཙོན་ནས་གློད་གྲོལ་ཡོང་ཐབས་ལ་ལས་འགུལ་མུ་མཐུད་ནས་སྤེལ་རྒྱུ་ཡིན། ཞེས་བརྗོད་སོང་།

དེ་ཡང་། བཞུགས་སྒར་རྡ་སའི་ནོར་བུ་གསོལ་མགྲོན་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་། དེའི་ཐོག ཚོགས་པ་དེའི་འགན་འཛིན་ཚེ་རིང་མཚོ་མོ་ལགས་དང་། བསྟན་འཛིན་ཟླ་བ། གཞན་ལས་བྱེད། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་མི་མང་སོགས་ཕེབས་གནང་འདུག

དེ་ནས་བསྟན་འཛིན་ཟླ་བ་ལགས་ཀྱིས་བརྗོད་དོན། སང་ཉིན་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་རེད། དེར་བརྟེན། ཉིན་མོ་དེར་བོད་ཀྱི་ཆབ་སྲིད་བཙོན་པ་རང་ཉིད་ཀྱི་སྨྲ་བརྗོད་རང་དབང་བེད་སྤྱོད་བཏང་རྐྱེན། རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་པའི་བཙོན་པ་བཅུ་ཕྲག་ཅིག་གི་ལོ་རྒྱུས་མདོར་བསྡུས་ཞིག་བརྙན་ཐུང་ལམ་ནས་དྲ་རྒྱའི་ཐོག་ཏུ་ཟླ་འདིའི་ཚེས་༡༠་ཉིན་ཏེ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ནས། ཟླ་རྗེས་མའི་ཚེས་༡༠་བར་ཟླ་གཅིག་གི་རིང་འགྲེམས་སྤེལ་བྱེད་རྒྱུ་ཡིན། ཞེས་འགྲེལ་བརྗོད་གནང་སོང་།

དེའི་རྗེས། རྒྱལ་སྤྱིའི་བོད་དོན་ཉམས་ཞིབ་པ་བྲག་དམར་ངག་དབང་ཆོས་འཕེལ་ལགས་ཀྱིས་དབྱིན་ཡིག་ཐོག་བརྩམས་པའི་<མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྙུགས་སྲིང་སྟེ་བོད་ཀྱི་༧པཎ་ཆེན་རིན་པོ་ཆེ་བཙལ་བ་>ཞེས་པའི་བོད་བསྒྱུར་དཔེ་དེབ་འགྲེམ་སྤེལ་གནང་སོང་། དཔེ་དེབ་དེའི་ནང་དོན་གཙོ་བོ་ནི། ཕྱི་ལོ་ ༡༩༩༥ ལོ་ནས་འཛམ་གླིང་ས་ཕྱོགས་གང་ས་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་མཉམ་འབྲེལ་རྒྱལ་ཚོགས་ལ་རྣམ་པ་འདྲ་མིན་ཐོག་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་འཕྲལ་དུ་གློད་གྲོལ་དགོས་བའི་སྐོར་སྙན་ཞུ་ཕུལ་བ་དང༌། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་པ་ཁག་ནས་རྒྱ་གཞུང་ལ་འདྲི་རྩད་བྱས་པ། རྒྱ་གཞུང་གིས་འཁྱོག་བཤད་དང་གཡོལ་ཐབས་ཁོ་ན་བྱས་པ་ལས་དོན་དངོས་དང་འཚམ་པའི་ལན་འདེབས་གཅིག་ཀྱང་བྱེད་མྱོང་མེད་པ་སོགས་ཀྱི་སྐོར། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་དང༌། བྱིས་པའི་ཐོབ་ཐང༌། ཆོས་དད་རང་མོས་ཐོབ་ཐང༌། མནར་གཅོད་འགོག་པའི་ཚན་པ། བཙན་དབང་དང་ངེས་མེད་དུ་གར་སོང་ཆ་མེད་དུ་འགྱུར་བའི་ཚན་པ་བཅས་སྡེ་ཚན་སོ་སོས་ཕྱག་ལས་གནང་སྟངས་སྐོར་བ་ཁ་གསལ་བཟོས་ཡོད། ད་དུང་༸པཎ་ཆེན་རིན་པོ་ཆེའི་ཡབ་ཡུམ་སྐུ་འཁོར་དང་། དགེ་རྒན་བྱ་བྲལ་རིན་པོ་ཆེ་སྐོར་སོགས་ལའང་ཐུགས་སྣང་གནང་དགོས་གལ་ཆེན་ཡིན་སྐོར་འཁོད་ཡོད་འདུག

༸པཎ་ཆེན་རིན་པོ་ཆེའི་སྐོར་གྱི་དཔེ་དེབ་འདིའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གལ་ཆེའི་ཡིག་ཆ་ཁག་ཅིག་ངོ་བཤུས་ཟུར་སྦྱར་ཞུས་ཡོད། བོད་དོན་ཉམས་ཞིབ་པ་དང་། ཀློག་པ་པོ་ཚོར་དེབ་འདི་བརྒྱུད་རྒྱལ་ཚོགས་དང་འབྲེལ་བའི་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་གནད་དོན་ཐོག རྒྱུན་གཏན་མིན་པའི་མཐོང་ཚུལ་གསར་པ་ཞིག་མཐོང་ཐུབ་པ་དང་། བོད་དོན་ལས་འགུལ་བ་ཚོར་ཉམས་ཞིབ་ཀྱི་རྒྱུ་ཆ་གལ་ཆེན་ཞིག་ཡིན། ཞེས་ཚེ་རིང་མཚོ་མོ་ལགས་ཀྱིས་བརྗོད་སོང་།

ད་བར་མི་ལོ་ཉི་ཤུ་ལྷག་རིང་གཞུང་དམངས་གཉིས་ཀྱིས་རྒྱལ་སྤྱིའི་ཐོག་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་བཙལ་ཀྱང་བརྙེད་མེད་པས། ང་ཚོས་མུ་མཐུད་ནས་ཐུན་མོང་གི་ནུས་པ་མཉམ་སྤུངས་ཀྱིས་རྒྱལ་སྤྱིའི་འབྲེལ་ཡོད་སྡེ་ཚན་ཁག་ལ་ཡང་སྲིད་སྙན་ཞུ་འབུལ་རྒྱུ་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་མུ་མཐུད་ནས་རྒྱ་གཞུང་ལ་པཎ་ཆེན་རིན་པོ་ཆེ་གློད་གྲོལ་ཡོང་ཐབས་ལ་གནོན་ཤུགས་སྤྲོད་རོགས། ཞེས་ཁོང་ཚོས་འབོད་སྐུལ་ཞུས་སོང་།

<མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྙུགས་སྲིང་སྟེ་བོད་ཀྱི་༧པཎ་ཆེན་རིན་པོ་ཆེ་བཙལ་བ་>ཞེས་པའི་བོད་བསྒྱུར་བྱས་པའི་དཔེ་དེབ་འདི་ལ་ཡུ་རོབ་དང་འཇར་མན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོང་ལས་འགུལ་ཁང་ཐུན་མོང་ནས་དཔལ་འབྱོར་གྱི་མཐུན་འགྱུར་རོགས་རམ་གནང་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།