29
Mon, Apr

ཨ་རིའི་མཐོ་སློབ་སློབ་ཡོན་ནི་ཁེ་ཕན་ཡིན་པ་ལས་ཐོབ་ཐང་མ་རེད་ཅེས་གསུངས་འདུག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་སློབ་ཟུར་ཚོགས་པའི་གོ་སྒྲིག་འོག་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་བདེ་སྐྱིད་ཚེ་རིང་ཚོགས་ཁང་ནང་ལོ་ངོ་སུམ་ཅུའི་རིང་བོད་མིའི་སྤྱི་ཚོགས་དང་ཨ་རིའི་དབར་ཤེས་ཡོན་བརྗེ་ལེན་གྱི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག་ཚོགས་འདུག

ཨ་རིའི་བོད་མིའི་སློབ་ཡོན་ལས་གཞི་དེ་ཐོག་མར་ཕྱི་ལོ་ ༡༩༨༨ ལོར་འགོ་བཙུགས་ཡོད་པ་དང་། སྐབས་དེར་བོད་པའི་སློབ་ཕྲུག་བཞི་ལ་ཨ་རིའི་བོད་མིའི་སློབ་ཡོན་ཐོབ་ཡོད། ཨ་རིའི་བོད་མིའི་སློབ་ཡོན་ཐོབ་མྱོང་མཁན་བཞི་ནི། སྐུ་ངོ་ཐུབ་བསྟན་བསམ་འཕེལ་ལགས་དང་། སྐུ་ངོ་འཇམ་དཔལ་ཆོས་བཟང་ལགས། སྐུ་ངོ་བསོད་ནམས་བསྟན་འཛིན་ལགས། སྐུ་ངོ་ལྷུན་གྲུབ་ཚེ་རིང་ལགས་བཅས་རེད།
མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག རྡ་སྟེང་བོད་ཁྱིམ་སློབ་གྲྭའི་དབུ་འཛིན་ཐུབ་བསྟན་རྡོ་རྗེ་ལགས། ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་ལས་འཆར་འགན་འཛིན་ཇི་ལི་ཨན་Jillian Turner ལགས་དང་། དྲུང་ཆེ་ཨི་ཤམ་ Bryce Isham ལགས། འབྲེལ་ཡོད་ལས་བྱེད་ཇེ་བྷེ་དཱསི་J.P. Dasi ལགས། དེ་བཞིན་དེ་སྔ་ཨ་རིའི་མཐོ་སློབ་སློབ་ཡོན་ཐོབ་མྱོང་མཁན་དང་གསར་དུ་ཐོབ་པ་བཅས་ཁྱོན་མི་གྲངས་ ༦༠ ལྷག་ཕེབས་ཡོད་པ་དང་། མཛད་སྒོའི་ཐོག་མར་ཕྱི་དྲིལ་ལས་བྱེད་འབྲུག་བསྟན་སྐྱིད་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་ཡོད་འདུག དེ་རྗེས་ཨི་ཤམ་ལགས་དང་སྐུ་ཞབས་དཱསི་ལགས་རྣམ་གཉིས་ཀྱིས་ཨ་རིའི་མཐོ་སློབ་སློབ་ཡོན་དང་འབྲེལ་བའི་སྐོར་གསུང་བཤད་གནང་ཡོད་འདུག

དེ་ནས་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་གོ་སྒྲིག་ཚོགས་ཆུང་གིས་ང་མགྲོན་འབོད་གནང་བ་དེ་ཨ་རིའི་མཐོ་སློབ་སློབ་ཡོན་ཐོབ་མྱོང་མཁན་ཟུར་པའི་ངོ་བོའི་ཐོག་ནས་མགྲོན་འབོད་གནང་བ་ཡིན་ཞེས་གསུངས་བྱུང་། དེར་བརྟེན་ང་རང་ཨ་རིའི་མཐོ་སློབ་སློབ་ཡོན་ཐོབ་མྱོང་མཁན་ཟུར་པའི་ཁྲོད་ནས་གཅིག་རེད། སྤྱིར་སྐུ་མགྲོན་གཙོ་བོ་ཡིན་ན་གསུང་བཤད་གནང་རྒྱུའི་མཚོན་པའི་གྲ་སྒྲིག་མང་དག་ཅིག་བྱེད་དགོས་པ་རེད།འོན་ཀྱང་དེ་རིང་ང་འདིར་ཨ་རིའི་མཐོ་སློབ་སློབ་ཡོན་ཐོབ་མྱོང་མཁན་ཟུར་པའི་ངོ་བོའི་ཐོག་ནས་མགྲོན་འབོད་གནང་ཡོད་སྟབས། ང་རང་ལུས་སེམས་ལྷོད་ཤིག་ཤིག་བྱུང་།ཇི་ལི་ཨན་ལགས་ཁ་སང་བཞུགས་སྒར་རྡ་སར་འབྱོར་བ་རེད།ཁོང་སྐུ་ངལ་འཛེམས་མེད་ཐོག་རྡ་སར་ཕེབས་པར་དགའ་བསུ་དང་སྦྲགས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་འདིར་ཕེབས་པར་དགའ་བོ་བྱུང་། ཇེ་བྷེ་དཱསི་ལགས་དང་ཨི་ཤམ་ལགས་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདས་པའི་ལོ་ངོ་སུམ་ཅུའི་རིང་ཨ་རིའི་གཞུང་དང་གྲོས་ཚོགས་ནས་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཆེད་རྒྱབ་སྐྱོར་དང་རོགས་དངུལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་སློབ་ཟུར་ལྷན་ཚོགས་གོ་སྒྲིག་པ་དང་ངའི་གཏམ་བཤད་འབྲི་མཁན་བསྟན་འཛིན་ལེགས་སྨོན་ལགས་ཀྱིས་བྲིས་པར་གཞིགས་ན། བོད་པའི་སློབ་ཕྲུག་ ༤༤༢ ལ་ཨ་རིའི་མཐོ་སློབ་སློབ་ཡོན་ཐོབ་ཡོད་པ་དང་། དེའི་ཁྲོད་ནས་སློབ་ཕྲུག་གྲངས་ ༢༦༠ ཨ་རི་ནས་མཐོ་སློབ་ཐོན་རྗེས་ཚུར་ལོག་མེད། ངའི་རེ་བ་ལ་སློབ་ཕྲུག་གྲངས་ ༢༦༠ ཟེར་བ་དེ་ཏག་ཏག་མིན་པའི་རེ་བ་ཡོད། གལ་ཏེ་གྲངས་ཀ་དེ་འགྲིག་པ་ཞིག་ཡིན་ཚེ།
ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་སློབ་ཟུར་ཚོགས་པ་བརྒྱུད་ངས་ཁོང་ཚོ་ཚང་མ་ཚུར་ལོག་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ད་ལྟ་ཨ་རིའི་མཐོ་སློབ་སློབ་ཡོན་གསར་དུ་ཐོབ་མཁན་ཚོ་དེ་དེ་བཞིན་རེད། ཨ་རིའི་མཐོ་སློབ་སློབ་ཡོན་ནི་ཁེ་ཕན་ཡིན་པ་ལས་ཐོབ་ཐང་མ་རེད་ཅེས་ཞུ་རྒྱུ་ཡིན། ཁེ་ཕན་འདི་ཨ་རིའི་གཞུང་དང་གྲོས་ཚོགས་ནས་ཁྱེད་ཚོར་བོད་མིའི་སྤྱི་ཚོགས་ནང་ཞབས་ཞུ་སྒྲུབ་རྒྱུའི་ཆེད་དུ་གནང་བ་ཞིག་རེད།

དེར་བརྟེན་ཁྱེད་ཚོས་ཨ་རིའི་མཐོ་སློབ་ཁག་ནས་སློབ་སྦྱོང་ཐོན་རྗེས་ཚུར་ངེས་པར་དུ་ལོག་དགོས། ཁྱེད་ཚོ་ཚུར་ལོག་ནས་བོད་པའི་སྤྱི་ཚོགས་ནང་ཞབས་འདེགས་ཞུ་དགོས། ཁྱེད་ཚོ་ཚུར་ལོག་པ་ཡིན་ན། བོད་མིའི་སྒྲིག་འཛུགས་ཀྱིས་ཁྱེད་ཚོར་ལས་ཀ་སྤྲོད་ངེས་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།